བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ སྤྲོ་གསེང་གླིང་ག།

དར་དཀར་ནང་གིས་ སྤྱི་ཟླ་༡༡ པའི་ནང་ལས་ སྤྲོ་གསེང་གླིང་ག་ཅིག་ འཐོབ་ཚུགས་ནི།

༉ དར་དཀར་ནང་ཁྲོམ་ཁར་ མང་ཤོས་ཐོག་ཚད་༢ འབད་མི་ རང་ལུགས་ཀྱི་ཁྱིམ་དང་ སྒྲིང་ཁྱིམ་ཚུ་ སླ་བསྲེས་ཏེ་ཡོདཔ་ད་ ད་ལྟོ་ཚུན་ ཁྲོམ་ཁར་སྡོད་མི་ཚུ་གི་དོན་ལུ་ སྤྲོ་གསེང་གི་ས་ཁོངས་ཅིག་ མེདཔ་ཨིན་པས།
ཨིན་རུང་ རྫོང་ཁག་གིས་ རྫོང་གི་ལྟག་དང་འོག་ལུ་ སྤྲོ་གསེང་གི་གླིང་ག་ཅིག་ བཟོ་བའི་བསྒང་ཡོདཔ་ཨིན་པས།
རྫོང་ཁག་བཟོ་རིག་བཀོད་ཁྱབ་འགོ་དཔོན་ འཇམ་དབྱངས་རྡོ་རྗེ་གིས་ སླབ་མིའི་ནང་ ས་གནས་ཁར་ ཐང་བདེ་ཏོག་ཏོ་ཅིག་མེད་ནི་དེ་གིས་ སྤྲོ་གསེང་གླིང་གའི་དོན་ལུ་ ས་ཁོངས་ངོས་འཛིན་འབད་ཚུགས་པར་ ལཱ་ཁག་རྐྱབ་ཅི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་ལྟོའི་ས་ཁོངས་དེ་ མི་མང་ཤོས་ཅིག་འཛོམས་ས་ཨིན་མི་ རྫོང་དང་ ཁྲོམ་གྱི་དོན་ལུ་ ཐག་ཉེ་ཤོས་ཅིག་ཨིནམ་ལས་ དེ་ལུ་གཞི་བཞག་སྟེ་ ངོས་འཛིན་འབད་ཡོདཔ་ད་ ས་ཁོངས་དེ་ནང་ མི་ཆེ་འབྲིང་ཆུང་༣ དང་ ལོ་ན་རྒས་གཞོན་མེད་པར་ ག་ར་གིས་ འོང་ཆོག་ཟེར་ཨིན་པས།
ས་ཆ་ཨེ་ཀར་༡.༢ ནང་ཆགས་མི་ གླིང་ག་དེ་ནང་ ཐོག་གཡབ་ཁྱིམ་དང་ སྡོད་ཁྲི་ ཆུ་རྫིང་ དེ་ལས་ མཛེས་ལྡན་གྱི་མཐུན་རྐྱེན་གཞན་ཚུ་ གཞི་བཙུགས་འབད་ནི་ཨིན་པས།
རྫོང་ཁག་བཟོ་རིག་འགོ་དཔོན་གྱིས་ སླབ་མིའི་ནང་ ས་ཁོངས་དེ་ནང་ རྩྭ་རིགས་ལེགས་ཤོམ་ཚུ་ འཛུགས་སྐྱོང་འབད་ནི་དང་ ཤིང་སྦོམ་ཚུ་བཏོགས་ཏེ་ ཤིང་རིགས་མ་འདྲཝ་ཚུ་ བཙུགས་ནི་ཨིནམ་མ་ཚད་ རྫོང་ཁག་བདག་སྐྱོང་གིས་ ས་གནས་དེ་ཁར་ བཤལ་བར་འོང་མི་ཚུ་གི་དོན་ལུ་ འཐུང་ནིའི་རིགས་ཚུ་འཐོབ་སའི་ ཁང་མིག་ཅིག་ཡང་ བཟོ་སྐྲུན་འབད་ནི་ཨིན་པས།
ཁོ་གིས་ བཤད་མིའི་ནང་ སྤྲོ་གསེང་གླིང་ག་དེ་གིས་ ས་གནས་མི་ཚུ་ ངལ་སངས་འབད་ནི་ རྐྱངམ་གཅིག་གིས་མ་དོ་བར་ མི་སྡེའི་མཐུན་འབྲེལ་ཡར་དྲག་གཏང་ཐོག་ལས་ མི་སྡེ་སྒྲིང་སྒྲི་བཟོ་འོང་ཟེར་ཨིན་པས།
ད་ལྟོ་ ཁྲོམ་ཁར་ མི་ཚུ་གིས་ བཤལ་འཁྲམས་དང་ དགའ་སྤྲོ་བཏོན་ས་ བཟའ་ཚང་དང་ཆ་རོགས་ཚུ་དང་གཅིག་ཁར་ སྐྱིད་ཉམས་སྐྱོང་སྡོད་སའི་ ས་ཁོངས་ཅིག་མེདཔ་ལས་ ཕྲངམ་ཕྲང་སར་ ལཱ་འབད་ས་ལས་ ལོག་ཁྱིམ་ནང་ འགྱོཝ་མས་ཟེར་ཨིན་པས།
བཟོ་རིག་འགོ་དཔོན་གྱིས་ སླབ་མི་དང་འཁྲིལཝ་ད་ ས་ཁོངས་དེ་ ས་གྱེན་གུ་ཆགས་ནི་དེ་གིས་ འགོ་ཐོག་གི་བཟོ་སྐྲུན་ལཱ་གི་སྐབས་ ས་རྐོ་འཕྲུལ་ཆས་སྦོམ་ཚུ་ ལག་ལེན་མ་འཐབ་ཟེར་ཨིན་པས།
གླིང་ག་དེ་ མཐུན་རྐྱེན་ཉུང་སུ་འབད་མི་ ལས་སྣའི་ཐོག་ལས་ བཟོ་སྐྲུན་འབད་དོ་ཡོདཔ་ད་ འབྲུག་སྔོ་ལྗང་ལས་འཛིན་གྱིས་ ལས་འགུལ་དེ་གི་དོན་ལུ་ མ་དངུལ་ས་ཡ་༤.༡ ཟད་འགྲོ་གཏང་ནི་ཨིན་པས།
སྤྲོ་གསེང་གླིང་ག་དེ་ དུས་ཅི་ སྤྱི་ཟླ་༡༡ པའི་ནང་ གྲ་སྒྲིག་འགྱོ་ནི་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

 

About admin

Check Also

བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ སྒོ་ནོར་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཨོ་ཆས་བཙོང་སའི་ཁང་མིག་ནང་ དྲོ་པ་ལས་ར་ ཨོམ་དང་མར་ དར་ཚིལ་ ཞོ་གིས་ གང་སར་མཐོངམ་ཨིནམ་པས། དེ་ཡང་ བཀྲིས་གཡང་རྩེའི་མི་ཚུ་གིས་ སྒོ་ནོར་ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་དོ་ཡོད་པའི་ རྟགས་མཚན་ཨིནམ་མ་ཚད་ སྒོ་ནོར་གྱི་ཐོན་སྐྱེད་ཡར་དྲག་སོང་ཡོད་པའི་ རྟགས་མཚན་ཅིག་ཡང་ …

Leave a Reply

Your email address will not be published. Required fields are marked *