ད་རིས་ མཇུག་བསྡུ་ནི་ཨིན་མི་ ཕོ་མོའི་འདྲ་མཉམ་ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ སྲིད་དོན་པ་ཚུ།

དམིགས་བསལ་ཐབས་ལམ་བཏོན་པ་ཅིན་ སྲིད་དོན་ནང་ ཨམ་སྲུའི་གྲལ་གཏོགས་ ཡར་སེང་འབད་ཚུགས་ནི།

༉ སྲིད་དོན་ནང་ ཨམ་སྲུའི་གྲལ་གཏོགས་ ཡར་སེང་འབད་ནིའི་དོན་ལུ་ གནས་སྐབས་ཅིག་གི་ དམིགས་བསལ་ཐབས་ལམ་བཏོན་པ་ཅིན་ ལྷན་ཐབས་འབད་ཚུགས་ཟེར་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་ལས་ སྦྱོང་བརྡར་བྱིན་མི་ ཅར་ལིས་ ཅའུ་ཝེལ་གྱིས་ སླབ་ཨིན་པས།
སྤྱི་ལོ་༡༩༩༥ ལུ་ ར་ཝན་ཌ་རྒྱལ་ཁབ་དེ་ རྒྱལ་སྤྱི་ནང་ ཨམ་སྲུའི་གྲལ་གཏོགས་འབད་མི་ གནས་ཚད་ཨང་༢༤ པའི་ནང་ཨིན་རུང་ སྤྱི་ལོ་༢༠༠༣ ལུ་ ཨམ་སྲུའི་ཐོབ་སྐལ་ འགོ་བཙུགས་པའི་ཤུལ་ལས་ ཨང་དང་པའི་ནང་ ལྷོད་ནུག་ཟེར་ཨིནམ་ད་ ཨར་ཇེན་ཊི་ན་དང་ ཨི་རཀ་ བུ་རཱུན་ཌི་ མོ་ཟམ་བིཀ་ དེ་ལས་ ལྷོ་ཨཕ་རི་ཀ་རྒྱལ་ཁབ་ཚུ་ནང་ཡང་ དམིགས་བསལ་གྱི་ གནས་སྐབས་ཐབས་ལམ་བཏོན་མི་དེ་གིས་ གྲུབ་འབྲས་ཅོག་འཐདཔ་སྦེ་ར་ ཐོན་ནུག་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཨམ་སྲུའི་གྲལ་གཏོགས་འབད་མི་ མཐོ་ཤོས་ཡོད་མི་ རྒྱལ་ཁབ་༢༠ ལས་༡༧ ནང་ གནས་སྐབས་ཀྱི་དོན་ལུ་ ཐབས་ཤེས་སྣ་ཚོགས་བཏོན་ཏེ་འདུག་ཟེར་ ཨིན་པས།
ཕོ་མོའི་ཐོབ་སྐལ་ འགོ་བཙུགས་མི་དེ་གིས་ ཨམ་སྲུ་ཚུ་གིས་ གྲལ་གཏོགས་འབད་མིའི་གྲུབ་འབྲས་ སོ་སོར་ཡོདཔ་ཨིན་རུང་ ད་ལྟོ་ ཐབས་ཤེས་ལག་ལེན་འཐབ་བཞིན་ཡོད་མིའི་གྲས་ལས་ སྡོད་ཁྲི་བང་བཏབ་བཞག་ནི་དང་ ཁྲིམས་མཐུན་ཐོག་ལས་ འདེམས་ཁོའི་ཐོབ་སྐལ་ དེ་ལས་ སྲིད་དོན་ཚོགས་པ་ཚུ་གིས་ ཁས་བླངས་ཐོག་ལས་ ཚོགས་པ་གིས་ ཐོབ་སྐལ་བཞག་མིའི་ ལམ་ལུགས་ཚུ་ ད་ལྟོ་ རྒྱལ་ཁབ་ཚུ་ལས་ཕར་ ལག་ལེན་འཐབ་བཞིན་དུ་འདུག་ཟེར་ ཁོ་གིས་བཤད་ཅི།
ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨེ་ཤི་ཡ་དང་ པེ་སི་ཕིག་རྒྱལ་ཁབ་ལེ་ཤ་ཅིག་ནང་ གནས་སྐབས་ཀྱི་ དམིགས་བསལ་ཐབས་ལམ་ཚུ་ བཏོན་ཏེ་འདུག་ཟེར་ཨིན་པས།
སྤྱི་ལོ་༡༩༩༢ ལུ་ རྩ་ཁྲིམས་ཆེན་མོ་ འཕྲི་སྣོན་འབད་དེ་ ས་གནས་གཞུང་གི་གནས་ཚད་ནང་ ཨམ་སྲུ་ཚུ་གི་དོན་ལུ་ ཆེད་དམིགས་ཀྱི་ ས་སྟོང་བརྒྱ་ཆ་༣༠ བཞག་དགོཔ་སྦེ་ བཟོ་བའི་ཤུལ་ལས་ ཨམ་སྲུ་འབུམ་༧ དེ་ཅིག་ གདམ་འཐུ་འབད་ཚུགས་ཡོདཔ་ཨིན་པས།
ཨིན་རུང་ གནས་སྐབས་དམིགས་བསལ་ཐབས་ལམ་དེ་ལུ་ ཞིབ་དཔྱད་འབད་བའི་སྐབས་ བང་ལ་དེཤ་ལུ་འབད་བ་ཅིན་ སྤྱི་ཚོགས་ཀྱི་འཐུས་མི་༣༥༠ ཡོད་ས་ལས་༥༠ ཆེད་དམིགས་ཐོག་ ཨམ་སྲུའི་དོན་ལུ་བཞག་ཡོདཔ་ལས་ བློན་ཆེན་དང་ ཚོགས་དཔོན་ དེ་ལས་ ལྡོག་ཕྱོགས་ཚོགས་པའི་ འགོ་ཁྲིདཔ་དེ་ཡང་ ཨམ་སྲུ་གདམ་འཐུ་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་༢༠༡༡ ལུ་ མོང་གོ་ལི་ཡ་གིས་ཡང་ བཙག་འཐུའི་བཅའ་ཁྲིམས་ འཕྲི་སྣོན་འབད་དེ་ ཚོགས་པ་རེ་གིས་ བརྒྱ་ཆ་༣༠ ཆེད་དམིགས་ཐོག་ལས་ བཞག་དགོ་པའི་ཁར་ གཞན་ཚོགས་པ་ཚུ་དང་གཅིག་ཁར་ གཞན་ཚོགས་པའི་འཐུས་མཉམ་སྡེབ་འབད་ནིའི་དོན་ལུ་ཡང་ ཨམ་སྲུ་རྐྱངམ་གཅིག་ལུ་ གོ་སྐབས་བྱིན་དགོཔ་སྦེ་ བཟོ་ཡོདཔ་ཨིན་པས།
དེ་གིས་ སྤྱི་ལོ་༢༠༠༨ ཀྱི་བཙག་འཐུས་སྐབས་ ཨམ་སྲུ་བརྒྱ་ཆ་༡༨.༥ ཡོད་ས་ལས་ སྤྱི་ལོ་༢༠༡༢ ལུ་ བརྒྱ་ཆ་༣༢.༠ ལུ་ ཡར་སེང་སོང་ཡོད་པའི་ཁར་ ཨམ་སྲུ་བཙག་འཐུ་གྲུབ་མི་དེ་ཡང་ བརྒྱ་ཆ་༣.༩ ལས་༡༤.༥ ལུ་ ཡར་སེང་སོང་ཡོདཔ་ཨིན་པས།
ཨིན་རུང་ ཁོ་གིས་བཤད་དོ་བཟུམ་འབད་བ་ཅིན་ གནས་སྐབས་ཅིག་གི་ དམིགས་བསལ་ཐབས་ལམ་དེ་གིས་ ཨམ་སྲུའི་གྲལ་གཏོགས་ཀྱི་དཀའ་ངལ་ ཧྲིལ་བུམ་སྦེ་ བསལ་མི་ཚུགས་ཟེར་ཨིནམ་ད་ ཐབས་ལམ་དེ་ ཨམ་སྲུའི་གྲལ་གཏོགས་ཀྱི་གནས་ཚད་ ཡར་སེང་མ་འགྱོ་ཚུན་གྱི་ ཐབས་ལམ་ཅིག་སྦེ་ བཞག་དགོ་ཟེར་ཨིན་པས།
སྤྱི་ཚོགས་ནང་ ཕོ་སྐྱེས་དང་ ཨམ་སྲུའི་གྱངས་ཁ་ འདྲན་འདྲ་འོང་དགོ་མི་དེ་ཡང་ ཕོ་མོའི་འདྲ་མཉམ་ཐོག་ལས་ སྤྱི་ཚོགས་བསྟར་སྤྱོད་འབད་ནིའི་དོན་ལུ་ཨིན་ཟེར་ ཁོ་གིས་བཤད་ཅི།
འབྲུག་ཨམ་སྲུའི་དབང་ཆ་ཡར་སྐྱེད་དང་གཅིག་འབྲེལ་ལས་སྡེའི་ བཀོད་ཁྱབ་མདོ་ཆེན་ ཕུན་ཚོགས་ཆོས་སྒྲོན་གྱིས་ ཐབས་ཤེས་དེ་བཟུམ་དགོཔ་དོཡ་རུང་ ག་བཟུམ་དགོཔ་ཨིན་ན་ བལྟ་དགོཔ་འདུག་ཟེར་ཨིན་པས།
མོ་གིས་སླབ་མིའི་ནང་ འབྲུག་ལུ་ བཙག་འཐུའི་སྐབས་ ཨམ་སྲུའི་དོན་ལུ་ འདེམས་ཁོངས་རེ་ངོས་འཛིན་འབད་དེ་ སྐོར་རྒྱབ་ཐོག་ལས་ བཙག་འཐུ་ནང་ དོ་འགྲན་འབད་མི་དེ་ཡང་ ཨམ་སྲུ་རྐྱངམ་གཅིག་ལུ་ གོ་སྐབས་སྤྲོད་ནིའི་ལམ་ལུགས་ འགོ་བཙུགས་པ་ཅིན་ བཙག་འཐུའི་དུས་ཚོད་དང་འཁྲིལ་ འདེམས་ཁོངས་ག་ར་གིས་ རང་སོའི་ཨམ་སྲུའི་འདེམས་ངོ་ གདམ་འཐུ་འབད་ནིའི་ གོ་སྐབས་སྤྲོད་ཚུགས་ནི་མས་ཟེར་ཨིན་པས།
ཉིན་གྲངས་༤ གི་ཞལ་འཛོམས་དེ་ ད་རིས་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

སྤ་རོ་ལས་ བཀྲིས་བསྟན་འཛིན།

 

About admin

Check Also

བིའུ་པོནཊ་དང་ ཀྲོང་གསར་རྫོང་གི་བར་ན་ཡོད་མི་ བ་ཟམ་ཉམས་བཅོས་འབད་ནི།

༉ ཀྲོང་གསར་བིའུ་པོནཊ་དང་ ཆོས་རྩེ་རྫོང་གི་བར་ན་ མང་སྡེ་ཆུ་གུ་ཡོད་མི་ བ་ཟམ་དེ་ རྫོང་ཁག་བདག་སྐྱོང་གི་ འགོ་འདྲེན་ཐོག་ ལོག་རྐྱབ་ནི་ཨིན་པས། ད་ལྟོ་ དང་ཕུའི་གཞུང་ལམ་བདའ་སྟེ་ ལམ་འགྲུལ་འབད་བ་ཅིན་ གནས་སྟངས་ལེགས་ཤོམ་ཡོད་མི་དེ་ཡང་ འཕྲལ་ཁམས་ཅིག་ཁར་ གསོ་བའི་ལམ་འགྲུལ་འགོ་འདྲེན་འཐབ་པའི་སྐབས་ རྐང་ལམ་བསལ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *