དམངས་རྩིས་ཚོགས་ཆུང་གིས་ ལྷན་ཁག་དང་ ལས་སྡེ་ གཞུང་མིན་ལས་ཚོགས་ཚུ་དང་གཅིག་ཁར་ མི་དམངས་སྙན་གསན་འབད་བའི་བསྒང་།

དམངས་རྩིས་ཚོགས་ཆུང་གིས་ ལྷན་ཁག་དང་ལས་སྡེ་ གཞུང་མིན་ལས་ཚོགས་ཚུ་དང་གཅིག་ཁར་ སྙན་གསན་འབད་ཡོདཔ།

༉ ལྷན་ཁག་དང་ ལས་སྡེ་ཁག་ཚུ་ནང་ རྩིས་ སྒྲིག་མ་འབད་བར་ བསྣར་འགྱངས་ལུས་མི་ཚུ་ སེལ་ཐབས་འབད་ནི་ལུ་ ཁ་ཙ་ དམངས་རྩིས་ཚོགས་ཆུང་གིས་ ལྷན་ཁག་༧ དང་ ལས་སྡེ་དང་གཞུང་མིན་ལས་ཚོགས་༩ དང་གཅིག་ཁར་ མི་དམངས་སྙན་གསན་ འགོ་འདྲེན་འཐབ་ཅི།
དམངས་རྩིས་ཚོགས་ཆུང་གིས་ སྙན་གསན་སྐབས་ རང་སོའི་ཡིག་ཚང་གི་ ངོ་ཚབ་སྦེ་འོང་མི་ཚུ་ལུ་ རྩིས་སྒྲིག་འབད་མ་ཚུགས་པར་ཡོད་མི་ཚུ་ སྤྱི་ཚོགས་ཀྱི་ ཚོགས་ཐེངས་༡༡ པའི་ གྲོས་ཆོད་དང་འཁྲིལ་ སྤྱི་ལོ་༢༠༡༩ ཟླ་༦ པའི་ཚེས་༢༠ གི་ནང་འཁོད་ལུ་ གང་མགྱོགས་རྩིས་སྒྲིག་འབད་ཚུགས་པའི་ དཔའ་བཅམ་དགོཔ་སྦེ་ དྲན་གསོ་འབད་ཡི།
སྙན་གསན་འབད་བའི་སྐབས་ ཡིག་ཚང་ལ་ལོ་ཅིག་གིས་ རྩིས་སྒྲིག་འབད་དེ་ཡོད་རུང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ལུ་ སྙན་ཞུ་མ་འབད་བར་བཞག་པའི་ཁར་ ལ་ལོ་ཅིག་ རྩིས་ཞིབ་དབང་འཛིན་གྱིས་ སྙན་ཞུ་ཚུ་ བསྡུ་སྒྲིག་འབད་བའི་ཤུལ་ལས་ རྩིས་སྒྲིག་འབད་མི་ཚུ་ སྙན་ཞུ་ནང་ མ་ཚུད་པར་ལུས་མི་ཚུ་ཐོན་ཡི།
ཐིམ་ཕུག་གི་ ཅ་དམ་དང་འོང་འབབ་ཡིག་ཚང་གིས་ ཟ་ཁང་ཚུ་གིས་ སྤྱི་ལོ་༢༠༡༡ ལོའི་ ཁྲལ་མ་བཏབ་མི་ དངུལ་ཀྲམ་ས་ཡ་༠.༥༧༡ ཡོད་མི་ཚུ་ དུས་ཅི་ སྤྱི་ཟླ་༣ པ་དང་༤ པའི་ནང་ བཏབ་པའི་ཤུལ་ལས་ གཞུང་གི་རྩིས་ཁྲ་ནང་ བཙུགས་ཡོད་པའི་ སྙན་ཞུ་ཕུལ་ཡི།
དངུལ་རྩིས་ལྷན་ཁག་ནང་ སྤྱི་ལོ་༢༠༡༧ གྱི་ ཟླཝ་༩ པ་ཚུན་ སྤྱི་ལོ་༢༠༡༤ ལོའི་ རྩིས་སྒྲིག་མ་འབད་བར་ཡོད་མི་ དངུལ་ཀྲམ་ས་ཡ་༡.༦༣༠ ཡོད་མི་ལས་ དངུལ་ཀྲམ་ས་ཡ་༠.༠༢༢ དེ་ཅིག་ རྩིས་སྒྲིག་འབད་ཚར་ཡོདཔ་ལས་ ལྷག་ལུས་དངུལ་ཀྲམ་ས་ཡ་༡.༦༠༨ རྒྱལ་པོའི་དྲུང་ཆེན་ཡིག་ཚང་ནང་ལས་ བདེ་སྒྲིག་འབད་བའི་ཤུལ་ལས་ བདེ་སྒྲིག་འབད་ཚར་ནི་ཨིནམ་ལས་ ཆ་ཤས་ཅིག་ རྩིས་སྒྲིག་འབད་ཡོད་པའི་ སྙན་ཞུ་འབད་ཡི།
ལྷན་ཁག་དེ་ནང་ སྤྱི་ལོ་༢༠༡༥ ལུ་ དངུལ་ཀྲམ་ས་ཡ་༢.༩༦༧ རྩིས་སྒྲིག་མ་འབད་བར་ལུས་མི་ལས་ དངུལ་ཀྲམ་ས་ཡ་༠.༤༢༣ རྩིས་སྒྲིག་འབད་ཡོདཔ་ད་ ལྷག་ལུས་དངུལ་ཀྲམ་ས་ཡ་༢.༥༤༤ དེ་ ཁྲལ་རིགས་མ་འདྲཝ་ཚུ་ མ་བཏབ་པར་ཡོད་མི་དེ་ ཁྲིམས་འདུན་ལུ་གཏང་ནི་ཨིན་ཟེར་ སྙན་ཞུ་འབད་ཡི།
འབྲུག་རྒྱལ་འཛིག་གཙུག་ལག་སློབ་སྡེ་འོག་གི་ གཙུག་ལག་མཐོ་རིམ་སློབ་གྲྭ་ཁག་ཚུ་ནང་ལས་ དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭ་ནང་ སྣུམ་འཁོར་བཅོ་ཁང་༢ ལོག་བཅོ་ཁ་རྐྱབ་ནིའི་དོན་ལུ་ དུས་ཚོད་ཐེབས་བྱིན་ཡོད་པའི་ གནད་དོན་ཡོད་མི་དེ་ཡང་ བསལ་ཡོད་པའི་ སྙན་ཞུ་འབད་ཡོདཔ་ད་ སློབ་གྲྭ་དེ་ནང་ ཅ་ཆས་དང་མཁོ་ཆས་ཚུ་ བཀྲམ་སྤེལ་འབད་བའི་སྐབས་ དངུལ་ཀྲམ་༣༣,༡༢༠ གནས་པའི་ བཀྲམ་སྤེལ་གྱི་དུས་ཚོད་ཕྱིས་ཡོད་རུང་ ཉེས་ཆད་ཚུ་ག་ནི་ཡང་ མ་བསྡུ་བར་ཡོད་མི་དེ་ སློབ་གྲྭ་གིས་ བཀྲམ་སྤེལ་འབད་མི་ཚུ་ལས་ བསྡུ་ནིའི་དོན་ལུ་ ལཱ་ཚུ་འབད་བའི་བསྒང་ཡོད་ཟེར་ཨིན་པས།
ཀྲོང་གསར་སྟག་རྩེ་སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭ་ནང་ སློབ་ཁང་དང་ བདག་སྐྱོང་གི་སྒྲིང་ཁྱིམ་ སྤྱི་དོན་ཁང་ དེ་ལས་ གྲོས་སྟོན་ཁང་ཚུ་རྐྱབ་པའི་སྐབས་ འོས་འབབ་མེད་པའི་ དུས་ཚོད་ཐེབས་བྱིན་ཡོད་མི་དེ་ཡང་ རྩོད་གཞི་ཕྱེས་ཏེ་ ཁག་འབགཔ་ལུ་ སློབ་གྲྭ་གིས་ དངུལ་ཀྲམ་༣༠,༣༤,༠༡༨ སྤྲོད་དེ་ བདེ་སྒྲིག་འབད་ཡོད་པའི་ སྙན་ཞུ་ཕུལ་ཡི།
ལོད་སྦིས་ས་ལུ་ཡོད་མི་ རང་བཞིན་སླར་འབྱུང་ཐོན་སྐྱེད་མཐོ་རིམ་སློབ་གྲྭ་ནང་ སྒེར་གྱི་ཐོག་ལས་ ཟད་འགྲོ་གཏང་སྟེ་ དཔེ་ཆ་འཕྲོ་མཐུད་ལྷབ་མི་ སློབ་ཕྲུག་ཚུ་གིས་ དངུལ་ཀྲམ་ས་ཡ་༠.༨༨༥ དེ་ཅིག་ཡོད་མི་དེ་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་ གཙོ་འཛིན་འོགམ་གིས་ སློབ་ཕྲུག་ལ་ལོ་ཅིག་ ད་ལྟོ་ ལཱ་གཡོག་འཚོལ་བའི་བསྒང་ཡོད་པའི་ཁར་ ལ་ལོ་ཅིག་ ལཱ་ནང་འཛུལ་ཏེ་འབད་རུང་ འགོ་བཙུགསཔ་ཅིག་འབད་ནི་དེ་གིས་ བཏབ་མ་ཚུགས་པར་ ལུས་ཏེ་འདུག་ཟེར་ཞུ་ཡི།
སྙན་ཞུ་ལ་ལོ་ནང་ རྩིས་སྒྲིག་འབད་ཡོད་པའི་ཁར་ ལ་ལོ་ཅིག་ ངག་ཐོག་ལས་སླབ་ཡོདཔ་སྦེ་ སྙན་ཞུ་འབད་མི་ལུ་ དམངས་རྩིས་ཚོགས་ཆུང་གིས་ མ་འོངས་པ་ལུ་ དཀའ་ངལ་སེལ་ཐབས་ལུ་ ཡིག་ཐོག་ལུ་འབད་དགོཔ་སྦེ་ སླབ་ཅི།
རྩིས་སྒྲིག་ལ་ལོ་ནང་ ཁག་འབགཔ་ཚུ་གིས་ ལཱ་ཚུ་དུས་ཚོད་ཁར་ འབད་མ་ཚུགས་པར་ ཏི་རུ་བཏབ་དགོཔ་ཐོནམ་ད་ བཏབ་མ་ཚུགས་པའི་ཤུལ་ལས་ ལོག་སྟེ་ར་ ཏི་རུ་བཏབ་ཚུགས་པའི་རེ་བ་བསྐྱེད་དེ་ ལཱ་ཚུ་ལོག་སྟེ་ར་ སྤྲོད་མི་ཡང་ཡོད་རུང་ ད་རུང་ བཏབ་མ་ཚུགས་པའི་ཁར་ ལཱ་ཡང་མཇུག་བསྡུ་མ་ཚུགས་པར་ཡོད་པའི་ སྙན་ཞུ་ཚུ་ཕུལ་ཡི།
རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ནང་ གྲོང་གསེབ་ཤེས་ཡོན་ཚོགས་སྡེ་གི་ འབྲེལ་ཡོད་ཡིག་ཚང་བཏོན་ནི་མེད་པའི་སྐོར་ དངུལ་ཀྲམ་ས་ཡ་༠.༦༨༤ ཡོད་མི་ནང་ འབྲེལ་བ་ཡོད་མི་ཅིག་ རྒྱལ་ཁབ་ནང་ལས་ བྲོས་ཟུར་འབད་ཡོདཔ་ལས་ དགོངས་ཡངས་གཏང་ནིའི་ འཆར་གཞི་འབད་དོ་ཡོདཔ་སྦེ་ཞུ་ཡི།
སོ་ནམ་དང་ནགས་ཚལ་ལྷན་ཁག་འོག་ལུ་ འོད་གསལ་སྤང་ལུ་ ཁང་ཚན་༣ འབད་མི་ ལས་བྱེད་པའི་སྒྲིང་ཁྱིམ་རྐྱབ་མི་གི་ དངུལ་ཀྲམ་ས་ཡ་༠.༤༠༣ བཞག་མི་ལས་ ཁག་འབགཔ་ཅིག་ ད་ལྟོ་ཡང་ འཚོལ་མ་འཐོབ་ལས་ གནད་དོན་དེ་ ཁྲིམས་འདུན་ལུ་བཙུགས་ཡོད་རུང་ མི་ངོམ་དེ་ བདའ་མ་ཟུནམ་ལས་ སྐབས་ཅིག་ རྩོད་བཤེར་ཕྱིར་འབུད་འབད་དེ་ བཞག་སྟེ་ཡོད་ཟེར་བཤད་ཅི།
འབྲུག་ཕུཊ་བཱོལ་གཞི་ཚོགས་ནང་ཡང་ ཁྲལ་མ་བཏབ་པའི་ རྩིས་སྒྲིག་འབད་དགོཔ་ཡོད་མི་ཚུ་ མ་དངུལ་གྱི་རྒྱབ་སྐྱོར་ཚུ་ག་ར་ རྒྱལ་སྤྱི་ཕུཊ་བཱོལ་མཐུན་ཚོགས་ཀྱིས་ གྲོགས་རམ་འབད་ནི་དེ་གིས་ ཁོང་ལུ་ དབང་ཆ་ག་ནི་ཡང་མེད་ཟེར་ སྙན་ཞུ་ཕུལ་ཡོད་རུང་ རྒྱལ་སྤྱི་ཕུཊ་བཱོལ་མཐུན་ཚོགས་ཀྱིས་ ཁྲལ་བཏབ་མ་བཏབ་ཚུ་ ཕུཊ་བཱོལ་གཞི་ཚོགས་ཀྱིས་ རྗེས་དཔྱད་འབད་དེ་ སྙན་ཞུ་འབད་དགོ་པའི་ ཐག་བཅད་ཡི།
བསམ་རྩེ་ སུ་ཀི་རི་ཊི་ལུ་ སློབ་གྲྭ་ཆེ་བ་ཅིག་ རྐྱབ་ནིའི་འོས་འབབ་བལྟ་ནིའི་དོན་ལུ་ ཁག་འབགཔ་ཅིག་ལུ་ ས་ཆ་རྐོ་བཅུག་པའི་སྐབས་ ས་ཁོངས་ནང་ལས་ ཁྲིམས་འགལ་ཐོག་ལས་ ཊཱལཀ་བཏོན་ཡོད་མི་ལུ་ ཉེས་བྱ་དངུལ་ཀྲམ་ས་ཡ་༢༥.༢༣ བཀལ་ཡོད་མི་དེ་ བཏབ་མ་བཏུབ་མི་དེ་ཡང་ བསྟན་རྒྱས་ལྷན་ཁག་གིས་ གནད་དོན་དེ་ རྩོད་བཤེར་དོན་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྤྲོད་ནི་ཨིན་པས།
སྤྱི་ལོ་༢༠༡༨ ཟླ་༣ པའི་ཚེས་༣༡ ཚུན་ སྤྱི་ལོ་༢༠༡༠ ལས་༢༠༡༥ ལོའི་ རྩིས་སྒྲིག་མ་འབད་བར་ཡོད་མི་ དངུལ་ཀྲམ་ས་ཡ་༨༡༦.༤༡༡ ཡོད་པའི་ ཤེས་རྟོགས་བྱུང་ཡོད་མི་ལས་ ལྷན་ཁག་ཚུ་ནང་ མཐོ་ཤོས་ཡོད་མི་དེ་ཡང་ དངུལ་ཀྲམ་ས་ཡ་༣༠༡.༩༠༣ ཡོདཔ་ད་ གཞུང་མིན་ལས་ཚོགས་ཚུ་ནང་ དངུལ་ཀྲམ་ས་ཡ་༡༦༤.༥༩༡ དེ་ཅིག་ ཡོདཔ་ཨིན་པས།
དམངས་རྩིས་ཚོགས་ཆུང་གི་ཁྲི་འཛིན་ ཕུན་ཚོགས་རབ་བརྟན་གྱིས་ དེ་བཟུམ་མའི་ སྙན་གསན་འབད་མི་དེ་གིས་ འབྲེལ་ཡོད་ཡིག་ཚང་ཚུ་ལུ་ དོགས་སེལ་འབད་ནིའི་ གོ་སྐབས་བྱིནམ་མ་ཚད་ ཁོང་གི་གནས་སྟངས་ཚུ་ ལེགས་ཤོམ་སྦེ་ ཧ་གོ་ཚུགས་པས་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

འགྲུལ་འཕྲིན་ཐོག་ལས་ རྫོང་ཁ་ལྷབ་ནིའི་མཐུན་རྐྱེན་ཚུ་གསར་བཏོན།

༉ ཁ་ཙ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ ཨ་ལོ་ཚུ་གིས་ རྫོང་ཁའི་མིང་ཚིག་དང་ ཡིག་སྡེབ་ཚུ་ འགྲུལ་འཕྲིན་ཐོག་ལས་ ལྷབ་སྦྱང་འབད་ནིའི་དོན་ལུ་ རྫོང་ཁའི་ཡིག་སྡེབ་ཀྱི་ རྩེདམོ་དང་ ཀི་དེབ་གཞན་ཚུ་ གསར་བཏོན་འབད་ཡི། ལྷན་ཚོགས་ཀྱིས་ ཀི་དེབ་ཚུ་ཡང་ ཨིང་རྫོང་ཤན་སྦྱར་སྲིད་དོན་མིང་མཛོད་དང་ …

Leave a Reply

Your email address will not be published. Required fields are marked *