དམངས་གཙོའི་རིང་ལུགས་ གཅིག་སྒྲིལ་དང་ འཆམ་མཐུན་གྱི་དོན་ལུ་ཨིནམ།

༉ འབྲུག་རྒྱལ་ཁབ་འདི་ རྩ་ཁྲིམས་ཅན་གྱི་ དམངས་གཙོའི་རིང་ལུགས་ལུ་ སོར་བསྒྱུར་འབད་དེ་ ལོ་ངོ་བཅུ་ཕྲག་ལངམ་ད་ འབྲུག་པའི་དམངས་གཙོའི་རིང་ལུགས་ཀྱི་ གནས་སྟངས་ག་ཏེ་ལུ་ ལྷོད་དེ་ཡོདཔ་ཨིན་ན?

དྲི་བ་དེ་གི་ཐོག་ལས་ ཁ་ཙ་ ཐིམ་ཕུག་ལུ་ འབྲུག་བརྡ་བརྒྱུད་དང་དམངས་གཙོའི་ལྟེ་བ་གིས་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་དང་ མཉམ་འབྲེལ་ཐོག་ སྲིད་དོན་ཚོགས་པ་༤ གི་ འཐུས་ཚབ་ཚུ་དང་ གྲོས་བསྡུར་ལས་རིམ་ཅིག་ འགོ་འདྲེན་འཐབ་ད་ དམངས་གཙོའི་གནས་སྟངས་ ག་ཏེ་ལས་ཕར་ ལྷོད་ཡོདཔ་ཨིན་ན་ ལན་གསལ་ཧིང་སངས་ས་ཅིག་ སླབ་ནི་མེད་རུང་ གནད་དོན་དེ་གི་སྐོར་ མི་མང་ལུ་ བརྡ་དོན་སྤྲོད་ནི་དང་ གྲོས་བསྡུར་གང་མང་འབད་དགོ་པའི་ མངོན་གསལ་བྱུང་ཡི།

རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་ གཞི་བཙུགས་འབད་དེ་ ལོ་༡༠ ལང་ཡོད་རུང་ མི་སེར་ཚུ་གི་ སྣང་བ་ལུ་ དམངས་གཙོའི་ནང་ འབྲེལ་གཏོགས་ཟེར་རུང་ ལོ་༥ གི་བར་ན་ཚར་རེ་ ཚོགས་རྒྱན་བཙུགས་ཞིནམ་ལས་ ཁོང་གི་འགན་དབང་ཡང་གཅིག་ཁར་ མཇུག་བསྡུཝ་ཨིནམ་སྦེ་ མཐོངམ་ཨིན་མས།

འབྲུག་གི་དམངས་གཙོའི་རིང་ལུགས་ཀྱི་ གཞི་རྩ་དེ་ མི་དབང་ཡབ་སྲས་རྣམ་གཉིས་ཀྱི་ དགོངས་འཆར་ཟབ་མོ་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་དང་འཁྲིལ་ཨིནམ་ལས་ གོང་འཕེལ་གྱི་ ལམ་སྟོན་དང་ གཞུང་སྐྱོང་གི་ བྱ་སྒོ་འཐབ་ནི་གི་ ལག་ཆ་བཟུམ་ཨིན་མས།

མ་གཞི་ མི་ངོ་སོ་སོ་ལུ་ དམངས་གཙོའི་རིང་ལུགས་ཀྱི་ དོན་འགྲེལ་དང་ གོ་དོན་སོ་སོར་ཡོད་རུང་ ཁ་ཙའི་གྲོས་བསྡུར་སྐབས་ གྲལ་གཏོགས་འབད་མི་ སྲིད་དོན་པ་ཚུ་ལུ་ མོས་མཐུན་བྱུང་མིའི་ནང་ དམངས་གཙོའི་བྱ་རིམ་ལུ་བརྟེན་ མི་སྡེ་དང་ ཐ་ན་ བཟའ་ཚང་ཚུ་ཡང་ ཁ་འཕྱལ་བཏང་སྟེ་ མཐུན་འབྲེལ་མེདཔ་བཟོཝ་མི་དེ་ ཚ་གྱང་ཅན་གྱི་ གཞི་གནད་ཅིག་ཨིན་མས།

སྲིད་ཚོགས་ཀྱི་ འཐུས་ཚབ་ཅིག་གིས་འབད་བ་ཅིན་ དམངས་གཙོའི་རིང་ལུགས་ནང་ སྲིད་དོན་པ་དང་ ཚོགས་རྒྱན་བཙུགས་མི་ཚུ་གི་བར་ན་ གཅིག་གིས་གཅིག་ལུ་ བློ་གཏད་དང་ ཡིད་ཆེས་དགོཔ་དེ་ མེད་ཐབས་མེདཔ་ཅིག་ཨིན་རུང་ སྲིད་ཚོགས་དང་ སྲིད་དོན་པ་ཚུ་གིས་ མི་སྡེ་དང་ བཟའ་ཚང་ནང་འཁོད་ལུ་ སྟབས་མ་བདེཝ་དང་ སོ་སོ་ཁ་འཕྱལ་བཏང་སྟེ་ མི་ཚུ་གི་ སེམས་ལུ་འཇིགས་སྣང་བཙུགས་ནུག་ཟེར་ཨིན་མས།

ད་རུང་ སྲིད་ཚོགས་གཅིག་གིས་གཅིག་ལུ་ ཁ་གཏང་ནི་དང་ བརྙས་བཅོས་འབད་མི་དེ་གིས་ཡང་ མི་སྡེ་ཁ་འཕྱལ་གཏང་ནི་དང་ གཅིག་སྒྲིལ་དང་ འཆམ་མཐུན་མེདཔ་བཟོཝ་མས་ཟེར་ སྲིད་དོན་པ་ཅིག་གིས་ བཤད་ཅི།

འབྲུག་ལུ་ དམངས་གཙོའི་རིང་ལུགས་ གཞི་བཙུགས་གནང་མིའི་ དམིགས་དོན་གཙོ་བོ་ར་ འབྲུག་པའི་མི་སེར་རྒན་གཞོན་མེད་པར་ ག་ར་གིས་ འགན་ཁུར་ཚུལ་ལྡན་འབག་སྟེ་ ལེགས་ལྡན་གཞུང་སྐྱོང་ ནུས་ཤུགས་ཅན་དང་ འབྲུག་གི་མ་འོངས་གནས་སྟངས་ སྒྲིང་སྒྲི་བཟོ་ཐབས་ལུ་ཨིན།

འདི་འབདཝ་ལས་ རྒྱལ་ཁམས་ཀྱི་དབུ་ཁྲིད་དང་ རྒྱལ་ཁབ་དང་ འབྲུག་པའི་མི་སེར་ གཅིག་མཐུན་གྱི་ བརྡ་མཚོན་ཨིན་མི་ མངའ་བདག་རྒྱལ་པོ་མཆོག་གིས་ སྤྱི་ལོ་༢༠༡༢ ཟླ་༡༢ པའི་ཚེས་༡༧ ལུ་ རྒྱལ་ཡོངས་དུས་ཆེན་གྱི་ གསུང་བཤད་ནང་ དམངས་གཙོའི་རིང་ལུགས་དེ་ དམིགས་དོན་འགྲུབ་ནི་མེན་པར་ ང་བཅས་རའི་ ཁ་ཐུག་ལས་ དམངས་གཙོ་ལུ་བརྟེན་ རྒྱལ་ཁབ་ནང་ གཅིག་མཐུན་དང་ མཐུན་ལམ་ དཔལ་ཡོན་ཚུ་ སྔར་བ་ལྷགཔ་སྦེ་ བཟོ་ནི་གི་ འབད་བརྩོན་བསྐྱེད་དགོཔ་བཞིན་དུ་ དམངས་གཙོའི་རིང་ལུགས་ཀྱིས་ ང་བཅས་རའི་ མི་སེར་ཚུ་གི་ རེ་འདོད་འགྲུབ་ཚུགསཔ་ འབད་དགོ་ཟེར་གསུངས་ཡོད།

རྒྱལ་ཁབ་ནང་ གཅིག་མཐུན་དང་ འཆམ་མཐུན་བཟོ་ནི་གི་ འགན་ཁུར་དེ་ སྲིད་དོན་ཚོགས་པ་ཚུ་ལུ་ ཕོགཔ་བཞིན་དུ་ སྤྱི་ཚོགས་གསུམ་པའི་ བཙག་འཐུ་རན་མི་དང་བསྟུན་ སྲིད་དོན་པ་ཚུ་གིས་ སྐུལ་བསྒྲགས་འབད་བའི་སྐབས་ གཅིག་གིས་གཅིག་ལུ་ ཁ་གཏང་ནི་དང་ སྐྱོན་བརྗེད་ བརྙས་བཅོས་འབད་ནི་མེན་པར་ ཁས་བླངས་གསལ་བསྒྲགས་ཚུ་ལུ་ གཙོ་བོར་བཏོན་དགོ།

འདི་དང་གཅིག་ཁར་ སྲིད་ཚོགས་དང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ ཞི་བའི་མི་སྡེ་ལས་ཚོགས་ བརྡ་བརྒྱུད་ཚུ་གིས་ དམངས་གཙོའི་རིང་ལུགས་སྐོར་ གྲོས་བསྡུར་ཚུ་ དུས་རྒྱུན་དུ་ འགོ་འདྲེན་འཐབ་དགོཔ་མ་ཚད་ ལོ་༥ གི་བར་ན་ཚར་རེ་ ཚོགས་རྒྱན་བཙུགས་ཏེ་ རང་སོའི་ཐོབ་དབང་རྐྱངམ་གཅིག་ བསྟར་སྤྱོད་འབད་ནི་མེན་པར་ ན་ལོན་དང་ ན་གཞོན་བུཚ་དང་ བུམོ་ཆ་མཉམ་ གྲོས་ཐག་བཅད་ནིའི་ བྱ་རིམ་ནང་ གྲལ་གཏོགས་ཐོག་ འདུ་འཛི་ཅན་སྦེ་ བཞག་པ་ཅིན་ ང་བཅས་ཀྱི་ དམངས་གཙོའི་རིང་ལུགས་ མཐར་འཁྱོལ་འབྱུང་མ་ཚུགས་པའི་ དཔེ་མི་སྲིད་ཟེར་ ཞུ་ནི་ཨིན།

About admin

Check Also

འགྲུལ་འཕྲིན་ཐོག་ལས་ རྫོང་ཁ་ལྷབ་ནིའི་མཐུན་རྐྱེན་ཚུ་གསར་བཏོན།

༉ ཁ་ཙ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ ཨ་ལོ་ཚུ་གིས་ རྫོང་ཁའི་མིང་ཚིག་དང་ ཡིག་སྡེབ་ཚུ་ འགྲུལ་འཕྲིན་ཐོག་ལས་ ལྷབ་སྦྱང་འབད་ནིའི་དོན་ལུ་ རྫོང་ཁའི་ཡིག་སྡེབ་ཀྱི་ རྩེདམོ་དང་ ཀི་དེབ་གཞན་ཚུ་ གསར་བཏོན་འབད་ཡི། ལྷན་ཚོགས་ཀྱིས་ ཀི་དེབ་ཚུ་ཡང་ ཨིང་རྫོང་ཤན་སྦྱར་སྲིད་དོན་མིང་མཛོད་དང་ …

Leave a Reply

Your email address will not be published. Required fields are marked *