བཟའ་ཚང་རྒྱབ་སྐྱོར་སྡེ་ཚན་གྱི་ འཐུས་མི་ཚུ་གིས་ ཀེ་ཧང་ཚུ་ ར་འབལ་བཏང་པའི་བསྒང་།

དམག་སྡེ་ཁག་གི་ བཟའ་ཚང་རྒྱབ་སྐྱོར་སྡེ་ཚན་ གྲུབ་འབྲས་ཅན་སྦེ་ ཐོན་ཡོདཔ།

༉ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱི་ རྒྱབ་སྐྱོར་ཐོག་ དམག་སྡེ་ཁག་ལུ་ བཟའ་ཚང་རྒྱབ་སྐྱོར་ལས་རིམ་དེ་ དུས་ཐོག་ལུ་ སྨྱོ་རྫས་ཤེས་ཡོན་དང་ གོ་བརྡའི་ལས་རིམ་འགོ་འདྲེན་འཐབ་ཞིནམ་ལས་ བཟའ་ཚང་ནང་མི་ཚུ་ སྨྱོ་རྫས་ལག་ལེན་བཀག་ཐབས་འབད་ནིའི་དོན་ལུ་ གཞི་བཙུགས་འབད་ཡོདཔ་ཨིན་པས།
ད་རེས་ རྒྱལ་ཁབ་ནང་ དམག་སྡེ་ཁག་ཚུ་ནང་ བཟའ་ཚང་རྒྱབ་སྐྱོར་སྡེ་ཚན་༡༡ ཡོདཔ་ད་ སྡེ་ཚན་ཚུ་གིས་ མི་སྡེ་ནང་ ཕམ་དང་བུ་གཞི་ སྨྱོ་རྫས་ལག་ལེན་འཐབ་དོ་ཡོད་མི་ཚུ་ བཀག་འཛིན་འབད་ནིའི་ ལཱ་ཚུ་འབད་དོ་ཡོདཔ་ཨིན་པས།
སྡེ་ཚན་ནང་ ཁྲི་འཛིན་དང་ དྲུང་ཆེན་ དེ་ལས་ བཀོད་ཁྱབ་འཐུས་མི་༡༠ ཡོད་མི་ཚུ་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱི་ སྨྱོ་རྫས་ལང་ཤོར་ཐལ་མི་ལུ་ བསླབ་སྟོན་འབད་ནི་དང་ བར་འཛུལ་འབད་ནིའི་ རིག་རྩལ་སྦྱོང་བརྡར་བྱིན་པའི་ཤུལ་ལུ་ བཟའ་ཚང་ཚུ་ནང་ ལྟོ་རྟོག་འབད་ནི་དང་ དགོས་མཁོ་དང་བསྟུན་པའི་ རྒྱབ་སྐྱོར་བྱིན་དོ་ཡོདཔ་ཨིན་པས།
འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་འོག་གི་ མཁོ་མངགས་མར་ཕབ་སྡེ་ཚན་གྱི་ ལས་རིམ་གཙོ་འཛིན་འགོ་དཔོན་ ཉི་མ་དམ་འདུལ་གྱིས་ སླབ་མིའི་ནང་ ཐབས་ལམ་དེ་གིས་ མི་སྡེ་དང་ བཟའ་ཚང་ཚུ་གི་བར་ན་ མཉམ་འབྲེལ་བཟོ་ནིའི་ནང་ ཕན་ཐོགས་བྱུང་ཡོདཔ་བཞིན་དུ་ མི་སྡེ་ནང་སྨྱོ་རྫས་ལུ་བརྟེན་ གནོད་པ་ཡོད་མི་ཚུ་ལུ་ འགོ་ཐོག་ལས་ བཀག་འཛིན་འབད་ནི་དང་ བར་འཛུལ་འབད་ནི་དེ་ གལ་ཆེ་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ མི་སྡེ་ནང་ སྡེ་ཚན་དེ་བཟུམ་ཡོདཔ་ཤེས་ཞིནམ་ལས་ བཟའ་ཚང་ཚུ་གིས་ གནད་དོན་ཚུ་གདོང་ཁར་ འབག་འོང་དོ་ཡོདཔ་ལས་ ང་བཅས་ཀྱི་ཁ་ཐུག་ལས་ དཀའ་ངལ་ཡོད་མི་ཚུ་ལུ་ རྒྱབ་སྐྱོར་ཚུ་བྱིན་ཚུགསཔ་ལས་ གནད་དོན་ཚུ་ མར་ཕབ་འབད་ཚུགས་པས་ཟེར་ཨིན་པས།
སྡེ་ཚན་དེ་གིས་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་དོ་ཡོད་མི་དེ་གིས་ ལས་སྡེ་ཁ་ཐུག་ལས་ དུས་ཐོག་ལུ་ ས་གནས་ཁག་ལས་ཕར་ གོ་བརྡའི་ལས་རིམ་ འགོ་འདྲེན་འཐབ་ནི་ལུ་ ཁྱབ་མ་ཚུགས་པའི་གདོང་ལེན་བྱུང་མི་ཚུ་ བསལ་ཚུགས་ཏེ་ཡོད་ཟེར་ཨིན་པས།
བཟའ་ཚང་རྒྱབ་སྐྱོར་སྡེ་ཚན་ཚུ་ ཐིམ་ཕུག་དང་ དགེ་ལེགས་ཕུག་ བསམ་གྲུབ་ལྗོངས་མཁར་ ཧཱ་ དེ་ལས་ སྤ་རོ་རྫོང་ཁག་ནང་ཡོད་པའི་ དམག་སྒར་ཚུ་ནང་ཡོདཔ་བཞིན་དུ་ ལས་སྡེའི་ཁ་ཐུག་ལས་ སྨྱོ་རྫས་ནག་ཚོང་དང་ ལོག་སྤྱོད་འབད་བའི་ དཀའ་ངལ་སེལ་ཐབས་ལུ་ ས་མཚམས་ས་ཁོངས་ཚུ་ནང་ཡོད་པའི་ མི་སྡེ་ཚུ་ལུ་ ལས་རིམ་དེ་ འགོ་འདྲེན་འཐབ་ནིའི་ འཆར་གཞི་ཡོདཔ་ཨིན་པས།
དགེ་ལེགས་ཕུག་ འཇིགས་མེད་གླིང་ལུ་ཡོད་པའི་ བཟའ་ཚང་རྒྱབ་སྐྱོར་སྡེ་ཚན་གྱི་ ཁྲི་འཛིན་ཆོས་སྐྱིད་ཀྱིས་ སླབ་མིའི་ནང་ ལས་རིམ་དེ་གིས་ མི་སྡེ་ནང་ ཕན་ཐོགས་སྦོམ་བྱུང་སྟེ་ཡོདཔ་ད་ དེ་ཡང་ མི་ཚུ་གིས་ བཟའ་ཚང་ནང་ཡོད་པའི་ སྨྱོ་རྫས་ལག་ལེན་དང་འབྲེལ་བའི་ དཀའ་ངལ་དང་གདོང་ལེན་ཚུ་ སྦ་གསང་མེད་པར་བཤད་དོ་ཡོདཔ་ལས་ དུས་མཐུན་གྱི་ གྲོགས་རམ་འབད་ཚུགས་པས་ཟེར་ཨིན་མས།
མོ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ སྡེ་ཚན་གྱིས་ ཁྱིམ་སྒོ་བཤལ་ཏེ་ གོ་བརྡའི་ལས་རིམ་ཐེངས་༢ དང་ སྨྱོ་རྫས་ཀེ་ཧང་ ར་འབལ་གཏང་ནིའི་ལས་རིམ་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
ཐབས་ལམ་དེ་གི་ མི་སྡེ་ནང་ སྨྱོ་རྫས་དང་འབྲེལ་བའི་ དཀའ་ངལ་བསལ་ནིའི་ནང་ ཕན་ཐོགས་བྱུང་སྟེ་ཡོད་རུང་ མི་སྡེ་ནང་ལས་ བཅའ་མར་གཏོགས་མི་ མངམ་མེད་པའི་དཀའ་ངལ་བྱུངམ་མས་ཟེར་ ལས་རིམ་གཙོ་འཛིན་འགོ་དཔོན་ ཉི་མ་དམ་འདུལ་གིས་ བཤདཔ་ཨིན་པས།
འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱི་ དགེ་ལེགས་ཕུག་དང་ ཕུན་ཚོགས་གླིང་གི་ ཁྲོམ་སྡེ་དང་མཉམ་འབྲེལ་ཐོག་ སྨྱོ་རྫས་བཀག་འཛིན་དང་ གོ་བརྡའི་ལས་རིམ་ འགོ་འདྲེན་འཐབ་ནིའི་ ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོདཔ་ལས་ ད་ལས་ཕར་ ཁྲིམས་སྲུང་འགག་སྡེ་དང་ སློབ་གྲྭའི་དབུ་འཛིན་ དེ་ལས་ ལུང་ཕྱོགས་ཡིག་ཚང་ཁག་གི་ འགོ་དཔོན་ཚུ་གིས་ རང་སོའི་མངའ་འོག་ལུ་ཚུད་པའི་ སློབ་གྲྭ་དང་ མི་སྡེ་ དེ་ལས་ ཚོང་པའི་འཐུས་མའི་ནང་ སྨྱོ་རྫས་དང་འབྲེལ་བའི་ ལྟ་རྟོག་དང་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་དགོཔ་ཨིན་པས།
འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱི་ ས་མཚམས་ས་ཁོངས་ཚུ་ནང་ དམིགས་ཡུལ་བཟུང་སྟེ་ བཟའ་ཚང་རྒྱབ་སྐྱོར་ལས་རིམ་དེ་ འགོ་འདྲེན་འཐབ་ནི་ཨིནམ་བཞིན་དུ་ དགེ་ལེགས་ཕུག་དང་ བསམ་གྲུབ་ལྗོང་མཁར་ ཕུན་ཚོགས་གླིང་ དེ་ལས་ བསམ་རྩེ་རྫོང་ཁག་ཚུ་ནང་ འགོ་འདྲེན་འཐབ་ཞིནམ་ལས་ མ་འོངས་པའི་ནང་ རྫོང་ཁག་དང་ རྒེད་འོག་ཚུན་ཚོད་ འགོ་འདྲེན་འཐབ་ནིའི་ ལས་རིམ་ཚུ་ཡོདཔ་ཨིན་པས།
ལས་རིམ་དེ་ སྤྱི་ལོ་༢༠༡༧ ཟླ་༡༢ པའི་ཚེས་༢༩ ལུ་ འགོ་བཙུགས་ཡོདཔ་ད་ དེ་ཡང་ མི་སྡེའི་ནང་འཁོད་ དབང་ཆ་དང་ མཉམ་རུབ་ཐོག་ལས་ ཐབས་ཤེས་བཏོན་ཏེ་ སྨྱོ་རྫས་ཀྱི་ལག་ལེན་དེ་ གདོང་ལེན་འབད་ནིའི་དམིགས་ཡུལ་བསྐྱེད་དེ་ འགོ་བཙུགས་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ།

 

About admin

Check Also

ནད་གཞི་ཀེན་སར་འཛིན་སྐྱོང་གི་ ཐབས་ལམ་གཅིག་མཚུངས་ བཟོ་དགོ་པའི་ཞུ་བསྐུལ།

༉ འབྲུག་རྒྱལ་ཁབ་ནང་ ནད་གཞི་ཀེན་སར་ཚུ་གི་གྲས་ལས་ ཕོཝ་གི་ཀེན་སར་དེ་ ཁྱབ་ཆེ་དྲགས་ཡོད་པའི་ ངོས་འཛིན་བྱུང་ཡི་ཟེར་ ཀེན་སར་ཚོགས་སྡེ་གིས་ བཀོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་༡༢ པའི་ཚེས་༡༤ ལུ་ ཤར་ལྷོ་ཨེ་ཤི་ཡ་ སཱག་ལུང་ཕྱོགས་ཀྱི་ རྒྱལ་སྤྱི་ཀེན་སེར་ཞལ་འཛོམས་ …

Leave a Reply

Your email address will not be published. Required fields are marked *