དབྱར་རྩྭ་དགུན་འབུབ་ ཐད་ཀར་ཉོ་ནིའི་ ལམ་ལུགས་ལུ་དོགས་སྣང་།

༉ དབྱར་རྩྭ་དགུན་འབུབ་ཀྱི་ ཚོང་འབྲེལ་སྟབས་བདེ་ཏོག་ཏོ་བཟོ་ཐབས་ལུ་ སོ་ནམ་དང་ ནགས་ཚལ་ལྷན་ཁག་གིས་ ཐད་ཀར་དུ་ ཉོ་ནི་དང་ བཙོང་ཆོག་པའི་ གནང་བ་གྲོལ་ཡོད་རུང་ བཙོང་མི་དང་ ཉོ་མི་གཉིས་ཆ་ར་ ལམ་ལུགས་གསརཔ་ལུ་ དོགས་པ་ཆགས་ཏེ་ཡོདཔ་ཨིན་པས།
ནད་ཡམས་ཀོ་བིཌ་-༡༩ གིས་ འབུབ་ཚོང་འབྲེལ་ལུ་ བར་ཆད་མ་རྐྱབ་པའི་ཧེ་མར་ ལྷན་ཁག་གིས་ རིན་བསྡུར་འགོ་འདྲེན་འཐབ་ཐོག་ལས་བཙོང་ནུག།
འདས་པའི་བདུན་ཕྲག་ནང་ སོ་ནམ་ཚོང་འབྲེལ་དང་ མཉམ་ལས་ཚོགས་སྡེ་ལས་ཁུངས་ཀྱིས་ བཙོང་མི་དང་ ཉོ་མི་ཚུ་གིས་ ཐད་ཀར་དུ་ བཙོང་ཆོགཔ་སྦེ་ ཁྱབ་བསྒྲགས་འབད་ཡོདཔ་བཞིན་དུ་ ཚད་ལྡན་བྱ་སྒོའི་ལམ་ལུགས་བཟོ་མིའི་ནང་ གཞུང་ལུ་ སྤྱོད་འཐུས་སྤྲོད་དགོཔ་ཨིན་པས།
མགར་ས་རྫོང་ཁག།
མགར་ས་རྫོང་ཁག་ ཁ་སྟོད་དང་ ཁ་སྨད་ ལ་ཡ་ དེ་ལས་ ལུང་ནག་ན་རྒེད་འོག་༤ གི་ མི་སེར་ཚུ་གིས་ བསྡུ་བསྒྱོམ་འབད་མི་ འབུབ་ཚུ་ཡང་ འགྲུལ་སྐྱོད་བཀག་དམ་ལུ་བརྟེན་ བཙོང་མ་ཚུགས་པར་ཡོདཔ་ད་ ལུང་ནག་ན་ལས་ བསམ་གྲུབ་ཀྱིས་ སླབ་མིའི་ནང་ འབུབ་ཚུ་ རིན་བསྡུར་ཐོག་ལས་ བཙོང་མ་ཚུགསཔ་ལས་ འོང་འབབ་ལེགས་ཤོམ་བཟོ་མི་ཚུགས་ནི་མས་ཟེར་ཨིན་པས།
མ་གཞི་ ཁ་སྨད་དང་ ལ་ཡའི་མི་སེར་ཚུ་གིས་ དབྱར་རྩྭ་དགུན་འབུབ་ཀྱི་ རིན་བསྡུར་དེ་ སྤུ་ན་ཁ་ལུ་ སྤྱི་ཟླ་༨ པའི་ཚེས་༡༡ གི་ཤུལ་ལས་ འགོ་འདྲེན་འཐབ་ནི་སྦེ་ གསལ་བསྒྲགས་འབད་ཡོདཔ་ད་ ཁ་སྟོད་དང་ ལུང་ནག་ནའི་ མི་སེར་ཚུ་གི་དོན་ལུ་ མགར་ས་ལུ་ རིན་བསྡུར་འབད་ནི་སྦེ་ ལས་འཆར་བཟོ་ཡོདཔ་ཨིན་པས།
ཁ་སྟོད་རྒཔོ་ འཕྲིན་ལས་དབང་འདུས་ཀྱིས་ སླབ་མིའི་ནང་ མི་སར་ཚུ་གིས་ དབྱར་རྩྭ་དགུན་འབུབ་ཚུ་ ཐད་ཀར་དུ་ བཙོང་ཆོག་པའི་སྐོར་ ཤེས་རྟོགས་བྱུང་རུང་ ད་ཚུན་གྱི་བར་ན་ ཉོ་མི་ཕུད་རྡོག་གཅིག་ལས་ཡང་ འགྲུལ་འཕྲིན་མ་ལྷོད་པས་ཟེར་ཨིན་པས།
དབང་འདུས་ཕོ་བྲང་།
དབང་འདུས་ཕོ་བྲང་ལུ་ འགྲུལ་སྐྱོད་བཀག་དམ་མ་འབད་བའི་ཧེ་མར་ རིན་བསྡུར་ཐོག་ལས་བཙོང་རུང་ འོས་འབབ་ལྡན་པའི་ གོང་ཚད་ཐོབ་མ་ཚུགསཔ་ལས་ སེམས་ཕམ་བྱུང་ཡོདཔ་ཨིན་པས།
ནོརབུ་སྡིངས་ལས་ རྡོ་རྗེ་གིས་ སླབ་མིའི་ནང་ རིན་བསྡུར་ནང་ འབུབ་མ་བཙོང་མི་ཚུ་གིས་ ཉོ་མི་ཚུ་ལུ་ སྒུག་སྡོད་དོ་བཟུམ་སྦེ་ ཉོ་མི་ཚུ་ཡང་ གོང་ཚད་ལེགས་ཤོམ་མེདཔ་ལས་ ཚ་གྱང་ལང་ནུག་ཟེར་ཨིན་པས།
རྡོ་རྗེ་གིས་ སྲས་ཕུག་དང་ དྭངས་ཆུ་རྒེད་འོག་ དེ་ལས་ བུམ་ཐང་རྫོང་ཁག་གི་ རིན་བསྡུར་ཚུ་ནང་ བཅའ་མར་གཏོགས་ནུག།
ཁོ་གིས་ སླབ་མིའི་ནང་ དུས་ཅི་ ཁོ་གིས་ དབྱར་རྩྭ་དགུན་འབུབ་ཀེ་ཇི་༨ ཉོ་བཞག་མི་དེ་ཡང་ ད་ལྟོ་ བཙོང་མ་ཚུགས་པར་ དོ་འགྲན་འབད་དགོ་མི་དེ་ཡང་ ཕྱིའི་མགྱོནམ་མེད་མི་ལུ་བརྟེན་ཨིན་ཟེར་ཨིནམ་ད་ ན་ཧིང་འབད་བ་ཅིན་ རིན་བསྡུར་ལས་ཉོ་མི་ འབུབ་བརྒྱ་ཆ་༨༠ དེ་ཅིག་ བཙོང་ཚར་ཡི་ཟེར་ སླབ་ཨིན་པས།
རྡོ་རྗེ་གིས་འབད་བ་ཅིན་ ཁྲོམ་གྱི་གོང་ཚད་དེ་ བརྒྱ་ཆ་༤༠ དེ་ཅིག་ མར་བབས་སོང་ཡོདཔ་ད་ ཧེ་མ་འབད་བ་ཅིན་ ཀེ་ཇི་རེ་ལུ་ དངུལ་ཀྲམ༌༢༠༠,༠༠༠ དང༌༣༠༠,༠༠༠ གི༌བར༌ན༌ ཐོབ་ཡོདཔ་བཞིན་དུ་ ད༌རེས༌ དངུལ༌ཀྲམ༌༡༠༠,༠༠༠ སྦེ༌ ཉོ༌ཡོད་རུང་ ག༌དེ༌སྦེ༌བཙོང༌ཚུགས༌ག༌ དོགས་པ་ཡོད་ཟེར་ཨིན༌པས།
ཐིམ༌ཕུག།
འབུབ་ཚུ་གི་ སྤུས༌ཚད༌མེད༌རུང༌ ཐིམ༌ཕུག༌ ནཱ༌རོ༌ལས༌ དབང༌ཕྱུག༌གི་ རེ༌བ༌ལས་འབད་བ་ཅིན་ ལམ༌ ལུགས༌ གསརཔ༌བཟོ༌མི༌གིས༌ གོང༌ཚད༌ ལེགས༌ ཤོམ༌འཐོབ༌ཟེར་ཨིན༌པས།
དབང༌ཕྱུག༌གིས༌ སླབ༌མིའི༌ནང༌ རིན༌བསྡུར༌ ནང་ གོང་ཚད་ལེགས་ཤོམ་མ་ཐོབ་ནི་དེ་གིས་ བཙོང༌ནི༌ལས༌ འཛེམ༌སྡོད༌ མི༌ཚུ༌གིས༌ ད༌རེས༌ ཐད༌ཀར༌དུ༌ ཚོང༌པ༌དང༌འབྲེལ༌བ༌འཐབ༌སྟེ༌ བཙོང༌ ཚུགས༌པའི༌ གོ༌སྐབས༌འདུག༌ཟེར༌ ཨིནམ༌ད༌ འདས༌པའི༌ལོ༌ཚུ༌ནང༌འབད༌བ༌ཅིན༌ སྤུས༌ ཚད༌དང༌ལྡནམ༌སྦེ༌ བསྡུ༌བསྒྱོམ༌འབད༌མི༌ འབུབ་ཀེ༌ཇི༌རེ༌ལུ༌ དངུལ༌ཀྲམ༌ས༌ཡ༌སྦེ༌ ཐོབ༌ ཅི༌ཟེར༌ཨིན༌པས།
ཚད༌ལྡན༌བྱ༌སྒོའི༌ལམ༌ལུགས༌དང༌འཁྲིལ༌བ༌ཅིན༌ དབྱར༌རྩ༌དགུན༌འབུབ༌དེ་ བཙོང༌ མི༌དང༌ ཉོ༌མི༌༢ ཆ༌ར༌ལུ༌ བདེ༌ཉམས༌ སྒྲིག༌དགོ༌པའི༌ ཁར༌ ཚོང༌འབྲེལ༌ཆོག༌ ཐམ༌འཆང༌དགོ༌ནི༌ དེ༌ ལས༌ ཕྱོགས༌སྡེ༌༢ ཆ༌ར༌གིས༌ ནགས༌ཚལ༌ གླིང༌ག༌དང༌ ས༌གནས༌ཀྱི༌ ནགས༌ཚལ༌ཡིག༌ ཚང༌ལུ༌ སྤྱོད༌ཁྲལ༌སྤྲོད་དགོཔ༌ཨིན་པས།
དབྱར༌རྩྭ་དགུན༌འབུབ༌བསྡུ༌བསྒྱོམ༌ལམ༌སྟོན༌༢༠༡༨ ཅན་མ་དང༌འཁྲིལཝ༌ད༌ ཉོ༌མི༌ ཚུ༌གིས༌ གཞུང་ལུ༌སྤྱོད༌འཐུས༌ འབུབ་ཀེ༌ཇི༌རེ༌ལུ༌ དངུལ༌ཀྲམ༌༨,༤༠༠ རེ༌ རིན༌བསྡུར༌འབད༌ བའི༌སྐབས༌ བཏབ༌དགོཔ༌ ཨིན༌པས།
ཐིམ༌ཕུག༌ལས༌ ཉོ༌མི༌ཅིག༌གིས༌ སླབ༌ མིའི༌ནང༌ བར༌ན༌མི༌མ༌བཙུགས༌པར༌ ཐད༌ཀར༌ དུ༌ བཙོང༌མི༌དང༌འབྲེལ༌བ༌འཐབ༌སྟེ༌ ཉོ༌ནིའི༌རེ༌ བ༌ཡོད༌ཟེར༌ཨིནམ༌ད༌ དེ༌ཡང༌ བར༌ནའི་མི་ཚུ༌ གིས༌ གོང༌ཚད༌ལུ༌ བར་ཆད་རྐྱབ་ནི༌འདུག༌ཟེར༌ ཨིན༌པས།
སྤ༌རོ།
བཙན༌ཏོག༌རྒེད༌འོག༌ གཡག༌རྩ༌ལས༌ པདྨ་རྡོ༌རྗེ༌གིས༌ སླབ༌མིའི༌ནང༌ དབྱར་རྩྭ་དགུན་འབུབ༌ཚུ་ རིན༌བསྡུར༌ཐོག༌ལས༌ བཙོང༌མི༌དེ༌ར་ ཁེ༌སང༌ཆེ༌བས༌ཟེར༌ཨིནམ༌ད༌ བཙན༌ཏོག༌དང༌ དོལ་སྟེང༌རྒེད༌འོག༌༢ དང༌ ཐིམ༌ཕུག༌སྲས༌ རྒེད༌འོག༌གི༌ ས༌གནས༌ གཞུང༌གི༌ འགོ༌ ཁྲིདཔ༌ཚུ༌གིས༌ ཉོ༌མི༌དང༌ བཙོང༌མི༌ཚུ༌གི༌བར༌ན༌ གྲོས༌བསྟུན༌འབད༌ མ༌ཚུགས༌པར་ཡོདཔ་ཨིན་པས།
ས༌གནས༌གཞུང༌གི༌ འགོ༌ཁྲིདཔ༌ཚུ༌གིས༌ གྲོས༌བསྟུན༌འབད༌མ༌ཚུགས༌མི༌དེ༌ ལ་མཐོ་སར་སྡོད༌མི༌ མི༌སེར༌ཚུ༌ སྨན༌བཟོ༌ནིའི༌ དོན༌ལུ༌ སྔོ་སྨན༌བསྡུ༌བསྒྱོམ༌འབད༌བར༌ སོང་མི༌ལུ༌བརྟེན༌ཨིན༌པས།
རྒེད༌འོག༌༣ གྱི༌དོན༌ལུ༌ དགུན༌འབུབ༌ རིན༌ བསྡུར༌འབད༌ནི༌དེ༌ སྤྱི༌ཟླ༌༧ པའི༌ནང༌ དུས༌ཚོད༌ བཟོ༌བཞག༌རུང༌ ཉོ༌མི༌དག༌པ༌ ཅིག༌ལས༌ བརྒལ༌མེདཔ༌ལས༌ ཕར༌འཕུད༌ རྐྱབ༌ནུག།
དེ༌འབདཝ༌ལས༌ ས༌གནས༌གཞུང༌གི༌ འགོ༌ ཁྲིདཔ༌ཚུ༌གིས༌ སོ་ནམ་ཚོང་འབྲེལ་དང་ མཉམ་ལས་ཚོགས་སེ་ལས་ཁུངས༌ལུ༌ ཞབས༌ཏོག༌གླ༌ ཆ༌དང༌ སྤྱོད༌འཐུས༌དགོང༌ས་ཡངས༌འབད་དགོ་པའི༌ ཞུ༌བ༌དང་ ཉོ༌མི༌ཚུ༌གིས༌ ཐད༌ཀར༌དུ༌ ཁྲོམ༌ཚོང༌ནང༌ བཙོང༌ཆོགཔ༌སྦེ༌ བཟོ༌གནང༌ཟེར༌ ཞུ་བ་འབད་དེ་ཡོདཔ༌ཨིན༌པས།
བུམ༌ཐང་།
ཆོས༌འཁོར༌རྒཔོ༌ པདྨ༌སྡོང་རྒྱལ༌གྱིས༌ སླབ༌ མི༌དང༌འཁྲིལཝ༌ད༌ སྤྱི༌ཟླ༌༨པའི༌ནང༌ རིན༌བསྡུར༌ ཉིནམ༌༤ འབད་རུང༌ གོང༌ཚད༌ ལེགས་ཤོམ་མ་ཐོབ་ལས་ མི༌ཚུ༌གིས༌ འབུབ༌བཙོང༌མ༌བཏུབ༌ པར༌ རྒྱབ༌ཤུལ༌ རྐྱབ༌ཅི༌ཟེར༌ཨིནམ༌ད༌ གལ༌ སྲིད༌ གོང༌ཚད༌ཡར༌སེང༌འབད༌བ༌ཅིན༌ རྐྱངམ༌ གཅིག༌ བཙོང༌ནི་གི་ རེ༌བ༌འདུག༌ཟེར༌ཨིན༌པས།
རིན༌བསྡུར༌ནང༌ མི༌༡༠ ལས༌བརྒལ༌ བཅའ༌མར༌གཏོགས༌མི༌ མ༌ཐོནམ་ལས་ བཙོང༌ མི༌ཚུ༌གིས༌ འབུབ་བཙོང༌ནི༌ བཤལ༌བཞག༌ ཡོདཔ༌ད༌ དེ༌བསྒང༌ གོང༌ཚད༌ མཐོ༌ཤོས༌ ཀེ༌ཇི༌རེ༌ལུ༌ དངུལ༌ཀྲམ༌ ས༌ཡ༌༡.༠༡ དང༌ དམའ་ཤོས༌དངུལ༌ ཀྲམ༌༤༡,༠༠༠ ཨིན༌པས།
མི༌སེར༌ཚུ༌གིས༌ དབྱར་རྩྭ་དགུན་འབུབ་ཚུ་ མ༌བཙོང༌པར༌ ལོ༌༢ དང༌༣ ཚུན༌ བཞག་ཞིནམ༌ལས༌ གོང༌ཚད༌ལེགས༌ ཤོམ༌ཐོབ༌ད༌ བཙོང༌ནི༌འདུག༌ཟེར༌ ཆོས་འཁོར་རྒཔོ༌གིས༌ བཤདཔ་ཨིན༌པའི༌ གནས༌ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *