དབུ་འཛིན་འོགམ་ལུ་ འདོད་སྤྱོད་གནོད་འཚེའི་ ཁ་ཉེས་བཀལ་ བའི་ཞིབ་དཔྱད།

༉ འདས་པའི་བདུན་ཕྲག་ནང་ རྩི་རང་ལུ་ སློབ་གྲྭ་ཆུང་བ་ཅིག་གི་ དབུ་འཛིན་འོགམ་གིས་ འདོད་སྤྱོད་གནོད་འཚེ་འབད་བའི་ ཁ་ཉེས་ཐོན་པའི་ཤུལ་ལས་ གནད་དོན་དང་འབྲེལ་བའི་ རྩོད་རྙོགས་ཚུ་ མི་སྡེ་བརྡ་བརྒྱུད་ནང་ ཐོན་ཡོདཔ་ཨིན་པས།
མང་ཤོས་ཅིག་གིས་ འབྲེལ་ཡོད་དབང་འཛིན་གྱིས་ གནད་དོན་དེ་ལུ་ བར་འཛུལ་འབད་ཐོག་ལས་ དེ་འཕྲོ་ལས་ ཞིབ་དཔྱད་འབད་དགོཔ་སྦེ་ བསམ་འཆར་སྣ་ཚོགས་བཀོད་ནུག།
ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རྩོད་དོན་དེ་གི་ ཞིབ་དཔྱད་མཇུག་བསྡུ་ནི་ལུ་ ད་རུང་ ཉིནམ་༣ དེ་ཅིག་ འགོར་ནི་མས་ཟེར་ཨིནམ་ད་ གལ་སྲིད་ ཉེས་འཛུགས་དེ་ འཛོལ་སོ་པ་ཅིན་ སྙན་ཞུ་འབད་མི་ལུ་ སྐུར་འདེབས་ཀྱི་ ཉེས་འཛུགས་བཀལ་འོང་ཟེར་ བཤདཔ་ཨིན་པས།
ཁྲིམས་སྲུང་འགག་པ་ལུ་ དབུ་འཛིན་འོག་མའི་ ཉོགས་བཤད་དེ་ཡང་ རྫོང་ཁག་བདག་སྐྱོང་བརྒྱུད་དེ་ ལྷོད་པའི་ཤུལ་ལས་ ཨ་ལོ་འདོད་སྤྱོད་གནོད་འཚེ་སྡེ་ཚན་དང་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་ སྤྱི་ཟླ་༡༡ པའི་ཚེས་༧ ལུ་ སློབ་གྲྭ་ནང་ སོང་ཡོདཔ་ཨིན་པས།
དབུ་འཛིན་འོག་མའི་ སྤུན་ཆ་ཚུ་གིས་ གནས་སྐབས་ཅིག་ བར་ན་རྒྱབ་མིང་བཙུགས་ཏེ་ དོ་དམ་འོག་ལས་ གློད་གྲོལ་གྱི་ ཞུ་བ་འབད་ཡོད་རུང་ ངོས་ལེན་མ་འབད་མི་དེ་ཡང ཁྲིམས་སྲུང་འགག་པ་དང་ ཁྲིམས་འདུན་གྱིས་ རྩོད་གཞི་དེ་གི་སྐོར་ལས་ གྲོས་བསྟུན་འབད་ཐོག་ལས་ གློད་གྲོལ་གྱི་ གནང་མ་བྱིན་ཟེར་ ཁྲིམས་སྲུང་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
གློད་གྲོལ་གྱི་ གོ་སྐབས་མ་བྱིན་མི་དེ་ཡང་ བརྟག་ཞིབ་འབད་བའི་སྐབས་ བར་ཆད་རྐྱབ་ཉེན་ཡོད་མི་ལུ་བརྟེན་ཨིནམ་ད་ སློབ་གྲྭའི་དབུ་འཛིན་དེ་ རྫོང་ཁག་གཞན་ནང་ གནས་སོར་བཏང་ཡོདཔ་ལས་ དོགས་པ་ཅན་དེ་ དབུ་འཛིན་འོགམ་སྦེ་ ཟླཝ་༡ གི་ཧེ་མར་ བསྐོ་བཞག་འབད་ཡོདཔ་ཨིན་པས།
ཁ་ཉེས་ཕོག་མི་ དབུ་འཛིན་འོགམ་གིས་ སློབ་རིམ་༢ པ་དང་༣ པའི་ སློབ་ཕྲུག་༨ ལུ་ འདོད་སྤྱོད་གནོད་འཚེ་འབད་བའི་ ཁ་ཉེས་ཕོག་ཡོདཔ་ད་ གནས་ཚུལ་དང་འཁྲིལཝ་ད་ འདས་པའི་ལོ་ནང་ དོགས་ཅན་དང་ ཉོགས་བཤད་བཙུགས་མིའི་བར་ན་ སྟབས་མ་བདེཝ་བྱུང་ཡོད་པའི་ ལོ་རྒྱུས་འདུག་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ སློབ་གྲྭ་ནང་ རྐྱེན་ངན་འཛིན་སྐྱོང་དང་ གསོ་བའི་གོ་བ་བརྡ་སྤྲོད་མ་གཏོགས་ དམིགས་བསལ་དུ་ དཀྲོགས་མ་བཏུབ་པའི་ གོབརྡའི་ལས་རིམ་ འགོ་འདྲེན་མ་འཐབ་པས་ཟེར་ཨིན་པས།
ཨིན་རུང་ སློབ་རིམ་༢ པ་དང་༣ པའི་ རྩ་གཞུང་ནང་ སློབ་ཕྲུག་ཚུ་ལུ་ དཀྲོགས་བཏུབ་དང་ མ་བཏུབ་ དེ་ལས་ འཚོ་བའི་རིག་རྩལ་ཤེས་ཡོན་ བརྡ་སྤྲོད་འབད་ནི་ལ་སོགས་པ་ཚུ་ སློབ་ཁང་གི་ སློབ་དཔོན་གྱིས་ སློབ་སྟོན་འབད་དགོཔ་སྦེ་ཡོདཔ་ཨིན་པས།
ཀུན་གསལ་གྱིས་ ཉོགས་བཤད་བཀོད་མི་ལུ་ འབྲེལ་བ་འཐབ་ནི་གི་ དཔའ་བཅམ་རུང་ ད་ལྟོ་ རྩོད་གཞི་དེ་ བརྟག་ཞིབ་འབད་བའི་བསྒང་ཡོདཔ་ལས་ ག་ནི་ཡང་ སླབ་མ་བཏུབ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

འབྲུག་རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་གྱིས་ ཨང་༢ པ་ཐོན་ཡོདཔ།

༉ ཁ་ཙ་ ནེ་པཱལ་པོ་ཁ་ར་ལུ་སྦེ་ འབྲུག་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་དང་ ནེ་པཱལ་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་གྱི་ མཐའ་བཅད་འགྲན་བསྡུར་འབདཝ་ད་ འབྲུག་གིས་གཱོལ་༡ དང་ ནེ་པཱལ་གྱིས་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི། རྩེད་འགྲན་འགོ་བཙུགས་ཏེ་ …

Leave a Reply

Your email address will not be published. Required fields are marked *