ཁ་ཙ་ ཐིམ་ཕུག་ལུ་ རྒྱལ་སྤྱི་དབང་པོ་སྐྱོན་ཅན་གྱི་ ཉིནམ་བརྩི་སྲུང་འབདཝ་ད་ སྤ་རོ་དབང་གསལ་སྤེལ་ཁང་ལས་ དབང་པོ་ལུ་ ཐོ་ཕོག་མི་ཚུ་གིས་ འཁྲབ་སྟོན་སྤྱན་འབུལ་ཞུ་བའི་བསྒང་།

དབང་པོ་སྐྱོན་ཅན་ཚུ་ལུ་ གོ་སྐབས་དང་ གཞི་རྟེན་མཐུན་རྐྱེན་ཚུ་ འདྲ་མཉམ་བྱིན་དགོཔ།

༉ ཁ་ཙ་ ཐིམ་ཕུག་ལུ་ རྒྱལ་སྤྱི་དབང་པོ་སྐྱོན་ཅན་གྱི་ ཉིནམ་བརྩི་སྲུང་འབད་མི་དེ་ མི་མང་གིས་ དབང་པོ་ལུ་ ཐོ་ཕོག་མི་ཚུ་གི་ གནས་སྟངས་ཧ་གོ་ནི་དང་ མི་སྡེའི་ནང་ གོ་བ་བརྡ་སྤྲོད་སྤེལ་ཐབས་ལུ་ཨིན་པས།
ཉིནམ་དེ་ཡང་ དབང་པོ་སྐྱོན་ཅན་ཚུ་གིས་ བཅའ་མར་མངམ་སྦེ་གཏོགས་ནི་དང་ འགོ་ཁྲིད་པའི་ལྕོགས་གྲུབ་ དེ་ལས་ སྤྱི་ལོ་༢༠༣༠ གི་ གྲོས་གཞིའི་བརྗོད་དོན་ཐོག་ལུ་ བརྩི་སྲུང་འབད་ཡི།
འཛམ་གླིང་གི་ མི་ཚུ་གི་ མཐོང་སྣང་དང་ སེམས་ཁ་ལུ་ དབང་པོ་སྐྱོན་ཅན་གྱི་ གནད་དོན་དེ་ ཆུང་ཀུ་ཅིག་ཨིན་ཟེར་ བརྩི་འཇོག་འབདཝ་ཨིན་རུང་ འགྲོ་འགྲུལ་དང་ ལཱ་གཡོག་ ཤེས་རིག་ དེ་ལས་ གཞི་རྟེན་མཐུན་རྐྱེན་སྤྱོད་ ནིའི་ནང་ ཁྱད་པར་སྦོམ་ཆགས་ཡོདཔ་ཨིན་པས།
ཕྱི་འབྲེལ་བློན་པོ་ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ དབང་པོ་སྐྱོན་ཅན་ཚུ་ཡང་ མི་ཨིནམ་ལས་ མི་ཚུ་གིས་ མི་སྡེའི་ནང་ འདྲ་མཉམ་དང་ དྲང་བདེན་ཐོག་ལས་ བརྩི་མཐོང་དང་ གུས་ཞབས་འབད་དགོཔ་གལ་ཆེ་ཟེར་བཤད་ཅི།
མི་ཅོག་ཐདཔ་ཨིནམ་ལས་ རིག་རྩལ་དང་ ལྕོགས་གྲུབ་ཚུ་ཡོད་དེ་འབད་རུང་ དབང་པོ་ལུ་ ཐོ་ཕོག་མི་ཚུ་ལུ་ གོ་སྐབས་མེད་མི་དེ་ ད་ལས་ཕར་ མི་སྡེ་གིས་ ངོས་ལེན་འབད་ཞིནམ་ལས་ གཞི་རྟེན་གྱི་ལཱ་དང་ ལས་སྣ་ཚུ་ནང་ བཅའ་མར་གཏོགས་ནིའི་ གོ་སྐབས་སྤྲོད་དགོཔ་འདུག་ཟེར་ ཕྱི་འབྲེལ་བློན་པོ་གིས་ བཤད་ཅི།
བློན་པོ་གིས་འབད་བ་ཅིན་ འབྲུག་གིས་ ཡུན་བརྟན་གོང་འཕེལ་ཕན་ཚུན་གྱི་ དམིགས་གཏད་༡༧ ནང་ མི་ཕུད་རྡོག་གཅིག་ཡང་ རྒྱབ་ཁ་མི་ལུས་ཟེར་བའི་གྲོས་གཞི་ སྤྱི་ལོ་༢༠༣༠ ཅན་མ་དེ་ འཛམ་གླིང་སྤྱི་ཚོགས་ལུ་ བཙུགས་ནི་ཨིན་མི་ལས་༡ དབང་པོ་སྐྱོན་ཅན་ཚུ་ རིག་རྩལ་དང་ ལྕོགས་གྲུབ་ཡོདཔ་སྦེ་བཟོ་ནི་དེ་ཨིན་ཟེར་ཨིན་པས།

དབང་པོ་ལུ་ཐོ་ཕོག་མི་ཚུ་གིས་ རྒྱལ་སྤྱི་དབང་པོ་སྐྱོན་ཅན་གྱི་ཉིནམ་བརྩི་སྲུང་ནང་ བཅའ་མར་གཏོགས་ཡོདཔ།

དེ་འབདཝ་ལས་ གཞུང་གིས་ རྒྱབ་སྐྱོར་ཧྲིལ་བུ་བྱིན་ནི་ཨིནམ་མ་ཚད་ གཞུང་དབང་ལས་སྡེ་དང་ མི་སྡེ་ལས་ཚོགས་ ཚོང་པ་ག་ར་གིས་ གསལ་བ་ལས་སྡེ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ ལཱ་འབད་དགོཔ་ཁག་ཆེ་ ཟེར་ ཕྱི་འབྲེལ་བློན་པོ་གིས་ བཤད་ཅི།
གསལ་བ་ལས་སྡེའི་ བཀོད་ཁྱབ་མདོ་ཆེན་ དཔལ་ལྡན་ཚེ་རིང་གིས་ སླབ་མིའི་ནང་ ལོ་བསྟར་བཞིན་དུ་ སྤྱི་ཟླ་༡༢ པའི་ཚེས་༣ ལུ་ རྒྱལ་སྤྱི་དབང་པོ་སྐྱོན་ཅན་ཚུ་གི་ ཉིནམ་བརྩི་སྲུང་འབད་དགོ་མི་དེ་ དབང་པོ་སྐྱོན་ཅན་གྱི་གནས་སྟངས་ཚུ་ མི་མང་གིས་ ཧ་གོ་བཅུག་ནི་དང་ ད་ལས་ཕར་ ག་དེ་སྦེ་ རྒྱབ་སྐྱོར་བྱིན་དགོཔ་ཡོད་ག་ ཤེས་བཅུག་ཐབས་ལུ་ཨིན་ཟེར་ཨིན་པས།
འབྲུག་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་སྐུ་ཚབ་ ཇི་རཱལཌ་ ད་ལི་གིས་ དབང་པོ་སྐྱོན་ཅན་གྱི་ ཉིནམ་དང་འབྲེལ་ རྒྱལ་ཡོངས་དབང་པོ་སྐྱོན་ཅན་གྱི་ སྲིད་བྱུས་༢༠༡༩ ཅན་མ་དེ་ གཞུང་འབྲེལ་ཐོག་ འགོ་འབྱེད་འབད་མི་ལུ་བརྟེན་ འབྲུག་མ་ཚད་ རྒྱལ་སྤྱིའི་མི་སེར་ཡོངས་ལུ་ ཁེ་ཕན་འབྱུང་ཚུགས་ནི་མས་ཟེར་ བཤད་ཅི།
ད་རེས་ནངས་པར་ འབྲུག་ལུ་ མི་རློབས་༧༠༠,༠༠༠ ལྷགཔ་ཅིག་ཡོད་མི་ལས་༡༤,༠༠༠ དེ་ཅིག་ དབང་པོ་སྐྱོན་ཅན་ཚུ་ལུ་ ཕན་ཐོགས་འབྱུང་ནི་དང་ མི་སྡེའི་ནང་ དབང་པོ་སྐྱོན་ཅན་ཚུ་གི་ དཀའ་སྡུག་དེ་ མཐའ་འཁོར་ གནས་སྟངས་དང་ བརྡ་དོན་ བྱ་སྤྱོད་ངན་པ་ལུ་བརྟེན་ ཁོང་རའི་ གཞི་རྟེན་དབང་ཐོབ་ཚུ་ སྤྱོད་མ་ཚུགས་པར་སྡོད་ནུག་ཟེ་ཨིན་པས།
དེ་འབདཝ་ལས་ སྲིད་བྱུས་དེ་ལུ་བརྟེན་ རང་མགོ་རང་འདྲོངས་དང་ དཔའ་ཉམས་ཅན་སྦེ་ སྡོད་ཚུགས་ནི་ གཞི་རྟེན་ཐོབ་དབང་ཚུ་ ངེས་པར་དུ་ འཐོབ་ཚུགས་ནི་ མི་ཚེ་ཡར་དྲག་གཏང་ཚུགས་པའི་ གོ་སྐབས་ཡོད་ཟེར་ འཛམ་གླིང་སྤྱི་ཚོགས་ཀྱི་ སྐུ་ཚབ་ཀྱིས་ བཤད་ཅི།
བཅའ་མར་གཏོགས་མི་ སྤ་རོ་ལས་ སྐྱེས་ལོ་༢༩ ལང་མི་ ལྷག་པ་སྒྲོལ་མ་གིས་ མོ་རའི་དབང་པོ་ལུ་ ཐོ་ཕོག་མི་ ཨ་ལོ་༢ འབག་ འོང་ཡོདཔ་ད་ མོ་གིས་འབད་བ་ཅིན་ ཨ་ལོ་༢ ཆ་ར་ དབང་པོ་སྐྱོན་ཅན་ཨིནམ་ལས་ མི་ཚེའི་ནང་ ག་དེ་སྦེ་ སྡོད་ཚུགས་ག་ ཚ་གྱང་དང་ སྡུག་བསྔལ་ཡོད་ཟེར་ཨིན་པས།
ཨིན་རུང་ ཉིནམ་བརྩི་སྲུང་ལུ་བརྟེན་ དབང་པོ་ལུ་ ཐོ་ཕོག་མི་ཚུ་གིས་ ལྕོགས་གྲུབ་དང་ རིག་རྩལ་ཚུ་ གཅིག་བ་གཅིག་དྲགཔ་སྦེ་ བཏོན་ཡོདཔ་ལས་ བློ་བདེ་ཡི་ཟེར་ བཤདཔ་ཨིན་པས།
སྐྱེས་ལོ་༢༢ ལང་མི་ སངས་རྒྱས་ཚེ་རིང་གིས་ སླབ་མིའི་ནང་ ཉིནམ་བརྩི་སྲུང་གི་སྐབས་ ལས་རིམ་སྣ་ཚོགས་ དང་ ཆེ་མཐོའི་འགོ་དཔོན་ཚུ་གིས་ འཆར་གཞི་དང་ ལས་རིམ་ དེ་ལས་ སྲིད་བྱུས་ཚུ་ བརྩམས་ཡོདཔ་ལས་ མ་འོངས་པའི་ དབང་པོ་སྐྱོན་ཅན་ཚུ་ལུ་ ཁེ་ཕན་འབྱུང་ནིའི་ གོ་སྐབས་འདུག་ཟེར་ཨིན་པས།
སྲིད་བྱུས་ནང་ ད་ལྟོ་ སྐྱོན་ཅན་ཚུ་གི་ སྤྲོ་བ་དང་འཁྲིལ་ གཞུང་དང་ ལས་སྡེ་ཚུ་གིས་ སྦྱོང་བརྡར་གྱི་ གོ་སྐབས་ཚུ་ བཟོ་དགོཔ་འདུག་ཟེར་ཨིན་པས།
ཉིནམ་བརྩི་སྲུང་སྐབས་ ལྕང་སྒང་ཁ་འབྲིང་རིམ་སློབ་གྲྭ་བར་མ་དང་ སྤ་རོ་དབང་གསལ་སྤེལ་ཁང་ལས་ དབང་པོ་ལུ་ ཐོ་ཕོག་མི་ཚུ་གིས་ འཁྲབ་སྟོན་དང་ ཚོན་གཏང་ནི་ དེ་ལས་ ཞབས་ཁྲ་ཚུ་ སྤྱན་འབུལ་ཞུ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

འབྲུག་རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་གྱིས་ ཨང་༢ པ་ཐོན་ཡོདཔ།

༉ ཁ་ཙ་ ནེ་པཱལ་པོ་ཁ་ར་ལུ་སྦེ་ འབྲུག་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་དང་ ནེ་པཱལ་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་གྱི་ མཐའ་བཅད་འགྲན་བསྡུར་འབདཝ་ད་ འབྲུག་གིས་གཱོལ་༡ དང་ ནེ་པཱལ་གྱིས་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི། རྩེད་འགྲན་འགོ་བཙུགས་ཏེ་ …

Leave a Reply

Your email address will not be published. Required fields are marked *