སྤྱི་ཟླ་༨ པའི་ཚེས་༩ ལུ་ རྩ་གྲོལ་སོང་མི་ མི་སེར་དམངས་གཙོ་ཚོགས་པའི་ ལྷན་རྒྱས་གཞུང་ཚོགས་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ གནས་ཚུལ་ཞལ་འཛོམས་མཇུག་ འཚོགས་པའི་བསྒང་།

དབང་ཆ་ཕྱིར་སྤེལ་གྱིས་ གྲོང་གསེབ་གོང་འཕེལ་ལུ་ ཕན་ཁྱད་བྱུང་སྟེ་ཡོདཔ།

༉ བློན་ཆེན་བགྲེསཔ་ དྲགོས་ཚེ་རིང་སྟོབས་རྒྱས་ འདས་པའི་ལོ་༥ ནང་འཁོད་ལུ་ གྲོང་གསེབ་གོང་འཕེལ་གཏང་ནིའི་དོན་ལུ་ ལས་སྣ་སྦོམ་ཤོས་དེ་ དབང་ཚད་ཕྱིར་སྤེལ་དེ་ཨིན་ཟེར་ བཤདཔ་ཨིན་པས།

དེ་གི་དོན་ལུ་ རྒེད་འོག་གོང་འཕེལ་གནང་བྱིན་དང་ འཆར་དངུལ་ བཀོལ་སྤྱོད་སྣུམ་འཁོར་ཚུ་ བགོ་བཀྲམ་འབད་མི་ལུ་བརྟེན་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་ སྒྱིད་ཐག་ཡང་དྲགས་ སོང་སྟེ་འདུག་ཟེར་ཨིན་པས།

སྤྱི་ཟླ་༨ པའི་ཚེས་༩ ལུ་ ལྷན་རྒྱས་གཞུང་ཚོགས་རྩ་གྲོལ་སོངམ་དང་འབྲེལ་ བརྡ་བརྒྱུད་ཀྱི་བར་ན་ གནས་ཚུལ་ཞལ་འཛོམས་འཚོགས་པའི་སྐབས་ བློན་ཆེན་བགྲེསཔ་གིས་ ཤར་ནུབ་གཞུང་ལམ་རྒྱ་སྐྱེད་དང་ ནང་འཁོད་གནམ་གྲུའི་ཐང་ཚུ་ ལག་ལེན་འཐབ་ཚུགས་མི་ལུ་བརྟེན་ གྲོང་གསེབ་གོང་འཕེལ་གཏང་ནི་ལུ་ གལ་གནད་ཅན་ཅིག་ལུ་ གྱུར་ཡོད་ཟེར་ བཤད་ཅི།

གྲོང་གསེབ་གོང་འཕེལ་གཏང་ཐབས་ལུ་ རྒེད་འོག་ལྟེ་བའི་འཁོར་ལམ་ག་ར་ རྩི་ནག་བཏང་ཡོདཔ་མ་ཚད་ ཞིང་ལམ་གསརཔ་ ཀི་ལོ་མི་ཊར་༥,༠༠༠ ལྷགཔ་ཅིག་ སེལ་ཡི་ཟེར་ཨིན་པས།

ད་རུང་ སོ་ནམ་ཞིང་ལམ་ཚུ་ ཉམས་བཅོས་དང་ རྒྱུན་སྐྱོང་འཐབ་ནིའི་དོན་ལུ་ ས་བརྐོ་འཕྲུལ་ཆས་དང་ ཞིང་རྨོ་འཕྲུལ་པ་ཝར་ཊེ་ལར་ཚུ་ བགོ་བཀྲམ་འབད་ཡོདཔ་མ་ཚད་ རྒེད་འོག་དངུལ་ཁང་དང་ སོ་ནམ་ཚོང་ཁང་ གློག་རྒྱུད་ར་བ་བསྒོར་མི་ཚུ་གིས་ གྲོང་གསེབ་གོང་འཕེལ་ལུ་ ཕན་ཐོགས་བྱུང་ནུག་ཟེར་ མི་སེར་དམངས་གཙོ་ཚོགས་པའི་ གཙོ་འཛིན་གྱིས་ བཤད་ཅི།

འདས་པའི་ལོ་༥ ནང་ ཞིང་ཆུའི་གཡུར་བ་ཚུ་ བཟོ་སྐྲུན་འབད་མི་ལུ་བརྟེན་ སོ་ནམ་གྱི་ ཐོན་སྐྱེད་ཚུ་ ཡར་དྲག་སོང་སྟེ་ཡོད་པའི་ཁར་ གྲོང་གསེབ་ཚུ་ནང་ གློག་མེ་ཡུ་ནིཊ་༡༠༠ རེ་ རིན་མེད་སྟོང་པར་སྦེ་ བྱིན་མི་དེ་གིས་ཡང་ མི་སེར་ཚུ་གིས་ ཐབ་ཤིང་ལག་ལེན་མ་འཐབ་པར་ ཕན་ཐོགས་བྱུང་སྟེ་ཡོད་ཟེར་ཨིན་པས།

འཆར་གཞི་༡༡ པའི་ནང་ ཨ་ལོ་གཅེས་སྐྱོང་ལྟེ་བ་༣༧༦ དེ་ཅིག་ སྒོ་ཕྱེ་སྟེ་ཡོདཔ་ད་ སློབ་གྲྭ་ལྟེ་བ་ཚུ་ལུ་བརྟེན་ གྲོང་གསེབ་ཀྱི་ མི་ཚུ་ལུ་ ཁེ་ཕན་བྱུང་སྟེ་ཡོད་རུང་ གཅེས་སྐྱོང་ལྟེ་བ་ཚུ་ཡང་ ཁྲོམ་ནང་འཁོད་ལུ་ ཕུད་རྡོག་ཅིག་ཡང་ སྒོ་མ་ཕྱེ་ཟེར་ དྲགོས་ཚེ་རིང་སྟོབས་རྒྱས་ཀྱིས་ བཤད་ཅི།

འདས་པའི་ལོ་༥ ནང་ གུང་སྟོང་གི་ གྱངས་ཁ་ཡང་ མར་བབས་སོང་ཡོདཔ་མ་ཚད་ ལ་ལོ་ཅིག་ རང་སོའི་གཡུས་ཁར་ ལོག་འོང་ནི་ འགོ་བཙུགས་སྟེ་ཡོདཔ་ད་ གྲོང་གསེབ་གོང་འཕེལ་གཏང་ནི་ཐབས་ལུ་ གྲོང་གསེབ་ཚོང་ལས་གོང་འཕེལ་ལས་འཛིན་དང་ སྒེར་སྡེ་སྐྱིན་འགྲུལ་ དེ་ལས་ ཚོང་འབྲེལ་ལས་སྡེ་ཚུ་ནང་ སེམས་ཤུགས་བསྐྱེད་བཅུག་ཐབས་ལུ་ གྲོང་གསེབ་ཀྱི་ ཚོང་ཁང་ཆུང་བ་ ཁྲལ་མ་ཕོགཔ་སྦེ་ བཟོ་ཡི་ཟེར་ བློན་ཆེན་བགྲེསཔ་གིས་ བཤད་ཅི།

གྲོང་གསེབ་ལྷན་ཐབས་ལས་རིམ་གྱིས་ གྲོང་གསེབ་ཀྱི་ མི་སེར་སྤྱང་ཀ་ཚུ་གི་དོན་ལུ་ ཁྱིམ་༧༨༠ དང་ གསང་སྤྱོད་༥༠༠ དེ་ཅིག་ བཟོ་སྐྲུན་འབད་ཡི་ཟེར་ཨིན་པས།

རྒྱལ་ཁམས་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ གཡུས་ཚན་༥,༥༤༥ དེ་ཅིག་ འགྲུལ་འཕྲིན་གྱི་ ཞབས་ཏོག་ཚུ་ མཐུད་སྦྲེལ་འབད་དེ་ཡོདཔ་མ་ཚད་ རྒེད་འོག་༡༤༧ ནང་ འགྲུལ་སྐྱེལ་བཱསི་གི་ མི་མང་ཞབས་ཏོག་ཚུ་ བཙུགས་ཏེ་ཡོད་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

འཛམ་གླིང་བཟའ་སྤྱོད་ལས་རིམ་གྱི་ མཐུན་རྐྱེན་བཏོག་མི་གིས་ གདོང་ལེན་འབྱུང་ནི།

༉ སྤྱི་ལོ་༢༠༠༨ ལས་འགོ་བཙུགས་ ད་ཚུན་ ཡ་རག་ལ་མི་སྡེ་སློབ་གྲའི་ སློབ་ཕྲུག་ཚུ་ལུ་ འཛམ་གླིང་བཟའ་སྤྱོད་ལས་རིམ་གྱིས་ དྲོ་པ་དང་ ཉིན་མའི་ལྟོ་དང་ འབྲུག་གཞུང་གིས་ ཚོད་བསྲེ་གི་ འཐུས་བྱིན་ཏེ་ཡོད་མི་དེ་ སང་ཕོད་ལས་ མི་བྱིན་ནི་སྦེ་ ཐག་བཅད་མི་ལུ་བརྟེན་ …

Leave a Reply

Your email address will not be published. Required fields are marked *