དཔལ་འབྱོར་དང་དངུལ་རྩིས་ཚོགས་ཆུང་གི་ གྲོས་འདེབས་ཁག་༥ ལས་༤ ཆ་འཇོག་གྲུབ་ཡོདཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་ནང་ དཔལ་འབྱོར་དང་དངུལ་རྩིས་ཚོགས་ཆུང་གིས་ རྩིས་ལོ་༢༠༡༩ དང་༢༠༢༠ ལོའི་ ལོ་བསྟར་འཆར་དངུལ་གྱི་ བསྐྱར་ཞིབ་སྙན་ཞུ་གུ་ དོན་ཚན་༡༨ དེ་ཅིག་ཡོད་ས་ལས་ གྲོས་བསྡུར་རྒྱས་པར་འབད་བའི་ཤུལ་ལུ་ གྲོས་འདེབས་ཁག་༥ ཆ་འཇོག་གྲུབ་ཡོདཔ་ད་ གྲོས་འདེབས་གཞན་ཚུ་ ད་རིས་དང་ནངས་པར་ གསུང་གྲོས་འཕྲོ་མཐུད་གནང་ཞིནམ་ལས་ ཐག་བཅད་ནི་ཨིན་པས།
དེ་ཡང་ ཚོགས་ཆུང་གི་ཁྲི་འཛིན་ ཨ་ཐང་-ཐེད་ཚོའི་འཐུས་མི་ ཀུན་ལེགས་དབང་ཕྱུག་གིས་ ཚོགས་དམངས་ལུ་ གྲོས་འདེབས་དང་པ་དེ་ ལཱ་གཡོག་མེད་མི་ ཡར་འཕར་འགྱོ་བའི་གནས་སྟངས་དང་འཁྲིལ་ གཞུང་གིས་ དཔལ་འབྱོར་གོང་འཕེལ་གྱི་སྲིད་བྱུས་དང་ ཕྱིའི་ཐད་ཀར་མ་རྩ་གི་སྲིད་བྱུས་ དེ་ལས་ རྒྱལ་ཡོངས་ལཱ་གཡོག་གི་སྲིད་བྱུས་ཚུ་ བསྐྱར་ཞིབ་དང་བསྐྱར་བཟོ་འབད་དགོ་པའི་ གྲོས་འདེབས་ཕུལ་ཡི།
དེ་ལུ་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ལཱ་གཡོག་མེད་པའི་དཔལ་འབྱོར་གྱི་ཐད་ལུ་ ལཱ་གཡོག་སྤྲོད་ནིའི་འགན་ཁུར་ གཞུང་ལུ་རྐྱངམ་གཅིག་ཕོགཔ་མེན་པར་ སྒེར་སྡེ་ལུ་ཕོགཔ་ལས་ ད་ལྟོ་ སྒེར་སྡེའི་སྡེ་ཚོགས་ཅིག་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་ལུ་ རྒྱབ་སྐྱོར་འབད་དགོཔ་ཁག་ཆེ་ནི་དེ་གིས་ སྒེར་སྡེ་ཡར་རྒྱས་གཏང་ནིའི་དོན་ལུ་ བཅའ་ཁྲིམས་ལས་འགོ་བཙུགས་ཏེ་ མི་སྟོབས་གོང་འཕེལ་གྱི་ རྒྱབ་སྐྱོར་འབད་ནིའི་ འཆར་གཞི་ཡོད་ཟེར་ ཞུ་ཡི།
སྨན་སྦིས་-བཙན་མཁར་འདེམས་ཁོངས་ཀྱི་འཐུས་མི་ ཆོས་སྐྱིད་རྒྱལ་མཚན་གྱིས་ ཞུ་མིའི་ནང་ གཞུང་གིས་ འཆར་དངུལ་བརྒྱ་ཆ་༥༠ དེ་ ས་གནས་གཞུང་ལུ་ གནང་ནི་ཟེར་ གསུངསམ་གསུང་སར་ཡོད་རུང་ ད་རེས་ འཆར་དངུལ་གྱི་ཐོ་དང་འཁྲིལཝ་ད་ དེ་ཅིག་ཚུད་དེ་མེདཔ་ལས་ རྟགས་མ་མཐུན་ནི་དེ་གིས་ དོགས་པ་ཡོདཔ་ལས་ ས་གནས་གཞུང་གི་ མི་སྡེ་འགོ་ཁྲིདཔ་ཚུ་གིས་འབད་རུང་ དེ་གི་སྐོར་ལས་ དྲི་བ་བཀོདཔ་མས་ཟེར་ ཞུ་ཡི།
བསྟན་རྒྱས་བློན་པོ་ ལོག་ནཱཐ་ཤར་མ་གིས་ཡང་ དཔལ་འབྱོར་གོང་འཕེལ་དང་ ཕྱིའི་མ་རྩ་གི་སྲིད་བྱུས་ཚུ་ འབྲེལ་ཡོད་ལས་སྡེ་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་དེ་ བཟོ་བའི་བསྒང་ཡོད་ཟེར་ ཞུཝ་བཞིན་དུ་ གྲོས་འདེབས་དེ་ ཆ་འཇོག་མཛད་གནང་ཡི།
དེ་ལས་ ཚོགས་ཆུང་གི་ཁྲི་འཛིན་གྱིས་ གྲོས་འདེབས་༢ པ་དེ་ རྒྱུན་སྐྱོང་ཟད་འགྲོ་དང་གསར་སྒྲུབ་ཀྱི་ ཟད་འགྲོའི་དམིགས་ཚད་སྐོར་ལས་ རྒྱལ་ཡོངས་འཆར་དངུལ་ ཡོངས་བསྡོམས་ཀྱི་ཆ་སྙོམས་ནང་ གསར་སྒྲུབ་ཀྱི་མ་དངུལ་དང་ཕྱདཔ་ད་ མཐོ་ཤོས་རྒྱུན་སྐྱོང་ནང་འགྱོ་དོ་ཡོདཔ་ལས་ གཞུང་གིས་ ཐོན་ཁུངས་དང་ བག་ཟོན་ཅན་གྱི་དངུལ་རྩིས་ དེ་ལས་ ཟད་འགྲོ་ཚུ་ ཡུན་བརྟན་ཅན་སྦེ་ ངེས་བདེན་བཟོ་ཐབས་ལུ་ དངུལ་ཁུངས་ཀྱི་གཞི་རྩ་དང་ སྲིད་བྱུས་དེ་ ཡོངས་རྫོགས་སྦེ་ བསྐྱར་བཅོས་དང་ ལོག་བརྩམ་དགོ་པའི་ གྲོས་འདེབས་ཕུལ་ཡི།
དགྲ་མེད་རྩེ་-སྔ་ཚང་གི་འཐུས་མི་ ཨོ་རྒྱན་དབང་འདུས་ཀྱིས་ རྒྱུན་སྐྱོང་གི་ཟད་འགྲོ་དེ་ ནང་འཁོད་འོང་འབབ་ཀྱིས་ ལངམ་དགོ་ནི་དེ་གིས་ རྩ་ཁྲིམས་ཀྱི་དགོངས་དོན་ ལོ་སྟོང་གོང་འཕེལ་གྱི་དམིགས་ཡུལ་ཚུ་ འགྲུབ་ནིའི་དོན་ལུ་ གཞུང་གིས་ དོན་མེད་ཅ་ཆས་ཚུ་ཡང་ ནང་འདྲེན་འབད་ནིའི་ བཀག་འཛིན་འབད་དགོཔ་འདུག་ཟེར་ ཞུ་ཡི།
ནང་སྲིད་བློན་པོ་གིས་ གསར་སྒྲུབ་དང་ཕྱདཔ་ད་ རྒྱུན་སྐྱོང་གི་མ་དངུལ་མངམ་འགྱོ་མི་དེ་ ལམ་ལུགས་ར་ དེ་སྦེ་ཨིན་ཟེར་ཞུ་ཡི།
ལྡོག་ཕྱོགས་འགོ་ཁྲིདཔ་ ཌོག་ཊར་པདྨ་རྒྱ་མཚོ་གིས་ གཞུང་གིས་ ཕྱིར་བཙོང་ཅ་ཆས་ཚུ་ ཡར་རྒྱས་གཏང་དགོཔ་འདུག་ཟེར་ཞུ་ཡི།
གྲོས་འདེབས་འདི་ འཐུས་མི་མང་ཤོས་ཅིག་གིས་ ལགཔ་སེང་ཐོག་ལས་ ཆ་འཇོག་གྲུབ་ཅི།
དེ་ལས་ གྲོས་འདེབས་༣ པ་དེ་ ཅ་ཆས་དང་ཞབས་ཏོག་གི་ཁྲལ་ འགོ་བཙུགས་གནང་ནི་དེ་ སྒེར་དང་མི་མང་ལས་སྡེ་ཆ་མཉམ་ ཁེ་གྱོང་ཡོད་མི་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་དེ་ འབད་དགོ་པའི་གྲོས་འདེབས་ ཕུལ་ཡི།
ལྡོག་ཕྱོགས་འགོ་ཁྲིདཔ་ ཌོག་ཊར་པདྨ་རྒྱ་མཚོ་གིས་ ཁྲལ་གྱི་ཐེད་ཁར་ ད་རེས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་སྟངས་ལུ་ལྟ་སྟེ་ མི་མང་དང་གྲོས་བསྟུན་ཐོག་ལས་ རྐྱངམ་གཅིག་འབད་ནི་མེན་པར་ ཞིབ་འཚོལ་དང་ གོ་བ་བརྡ་སྤྲོད་འབད་ཐོག་ལས་ འོས་འབབ་དང་བསྟུན་ ཚད་གཞི་ཅིག་བཟོ་རུང་ མ་བཏུབ་མིན་འདུག་ཟེར་ ཞུ་ཡི།
བར་མཚམས་-གཤོང་ཕུག་གི་འདེམས་ངོ་ པ་སངས་རྡོ་རྗེ་གིས་ གཞུང་གིས་ ཁས་བླངས་གསལ་བསྒྲགས་སྐབས་ལུ་ཡང་ ཁྲལ་དེ་ འོང་འབབ་ཀྱི་འབྱུང་གནས་ཅིག་ བཟོ་ནིའི་ཁས་བླངས་འབད་ཡོདཔ་ལས་ ལཱ་གི་གནས་ཚད་ ག་དེམ་ཅིག་ཁར་ ལྷོད་ཅི་ག་ཟེར་ ཞུ་བའི་ལན་ལུ་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ཁྲལ་གྱི་ཚད་གཞིའི་སྐོར་ལས་ དངུལ་རྩིས་ལྷན་ཁག་ནང་ གསུང་གྲོས་ཐེངས་༣ དེ་ཅིག་ འགོ་འདྲེན་འཐབ་སྟེ་ བཟོ་བའི་བསྒང་ཡོདཔ་ལས་ ཤུལ་ལས་ ཚོགས་ཁང་ནང་ ཁྲལ་གྱི་གསུང་གྲོས་གནང་སྟེ་ བཟོ་བའི་བསྒང་ཡོད་ཟེར་ ཞུ་ཡི།
དེ་ལས་ གྲོས་འདེབས་༤ པ་དེ་ སྤྱི་མཐུན་ཉུང་མཐའི་རྟེན་གཞི་འོག་ལུ་ འཆར་དངུལ་དེ་ རྒེད་འོག་ལྟེ་བའི་ལམ་དང་ སོ་ནམ་ཞིང་ལམ་ རྩི་ནག་གཏང་ནིའི་དོན་ལུ་ དེ་ལས་ ཉམས་བཅོས་ཀྱི་དོན་ལུ་ དཔྱ་བགོ་བཞག་དགོ་པའི་ གྲོས་འདེབས་ཞུ་ཡི།
བློན་ཆེན་དང་ ཞབས་ཏོག་བློན་པོ་གིས་ སོ་ནམ་ཞིང་ལམ་རྩི་ནག་གཏང་ནི་དེ་ སྤྱི་མཐུན་ཉུང་མཐའི་རྟེན་གཞི་ནང་ ཚུད་མ་དགོ་པའི་ གྲོས་འདེབས་ཕུལ་ཡོད་རུང་ པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ རྒེད་འོག་སོ་སོ་ནང་ཡོད་མི་ གཞི་རྟེན་མཐུན་རྐྱེན་དེ་ རྒེད་འོག་ཆ་མཉམ་ནང་ འདྲ་མཉམ་འཐོབ་དགོ་མི་ལུ་ གོ་ནི་བཟུམ་ཡོདཔ་ལས་ གཞུང་གིས་ དོགས་སེལ་གནང་དགོཔ་ཁག་ཆེ་བས་ཟེར་ བསམ་འཆར་བཀོད་པའི་ཤུལ་ལས་ ལགཔ་སེང་ཐོག་ལས་ གྲོས་ཐག་བཅད་གནང་ཡི།
དེ་ལས་ གྲོས་འདེབསས་༥ པ་དེ་ སློབ་རིམ་༡༠ པ་དང་༡༢ པའི་ སློབ་ཕྲུག་ཚུ་གི་དོན་ལུ་ སློབ་གཉེར་གྲོགས་རམ་ དངུལ་ཀྲམ་ས་ཡ་༢༤༧ ལྷགཔ་ཅིག་ དཔྱ་བགོ་བཞག་མི་དེ་ ལེགས་ཤོམ་ཨིན་རུང་ ཡུན་བརྟན་ག་དེམ་ཅིག་འོང་ག་ཟེར་མནོ་སྟེ་ ཤེས་རིག་ལྷན་ཁག་གིས་ སྒེར་གྱི་སློབ་གྲྭ་ནང་ འཛུལ་ཞུགས་དང་ སློབ་གཉེར་གྲོགས་རམ་གྱི་ ལམ་སྟོན་ཚུལ་མཐུན་ཅིག་ བཟོ་དགོ་པའི་ཁར་ ལྷན་ཁག་གིས་ ཡུན་བརྟན་ལས་རིམ་ཚུ་བྱིན་དགོཔ་མ་ཚད་ འཆར་དངུལ་དེ་ཡང་ སྤྱི་ཚོགས་ནང་ ལམ་སྟོན་གྱི་གསལ་ཞུ་ ཕུལ་མི་དང་འཁྲིལ་ བྱིན་དགོ་པའི་གྲོས་འདེབས་ཕུལ་མི་དེ་ ལགཔ་སེང་ཐོག་ལས་ ཐུགས་ཐག་བཅད་པའི་སྐབས་ འཐུས་མི་ཕྱེད་མང་གིས་ རྒྱབ་སྐྱོར་མ་འབད་མི་ལུ་བརྟེན་ ཆ་འཇོག་གྲུབ་མ་ཚུགས་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

About admin

Check Also

མོང་སྒར་ཁྲོམ་ཁར་ སི་སི་ཊི་བི་པར་ཆས་ཚུ་ གཞི་བཙུགས་འབད་ནི།

༉ མོང་སྒར་ཁྲོམ་གྱི་ ས་ཁོངས་ལྟེ་བའི་ནང་ ཉེན་སྲུང་གི་དོན་ལུ་ སི་སི་ཊི་བི་པར་ཆས་ གཞི་བཙུགས་འབད་བའི་བསྒང་ལས་ ས་ཁོངས་དེ་ནང་ ཁྱད་རིག་ལྡན་པའི་ཁྲོམ་གྱི་བསམ་གཞི་ལུ་ གཞི་བཞག་སྟེ་བཟོ་མི་ ཁྲོམ་གྱི་མཐུན་རྐྱེན་ཚུ་ ཚང་ནི་ཨིན་པས། མོང་སྒར་ཁྲོམ་ལྟེ་བ་དེ་ མོང་སྒར་ཁྲོམ་གྱི་འོག་ལུ་ ས་གནས་ས་ཁོངས་འཆར་གཞི་༧ ཡོད་པའི་ནང་ལས་ …

Leave a Reply

Your email address will not be published. Required fields are marked *