དད་ཅན་སྟོང་ཕྲག་ལས་བཅད་མི་ཚུ་གིས་ མགོན་པོ་ཚེ་དཔག་མེད་ཀྱི་ དབང་ཞུ་ནིའི་དོན་ལུ་ གྱལ་བཙར་སྡོད་པའི་བསྒང་།

དད་ཅན་སྟོང་ཕྲག་ལས་བཅད་མི་ཚུ་གིས་ ཡོངས་གྲགས་ཅན་གྱི་ ཀྲོང་གསར་ཚེ་དཔག་མེད་དབང་ ཞུ་ཡོདཔ།

༉ ཁ་ཙ་ དད་ཅན་སྟོང་ཕྲག་ལས་བཅད་མི་ཚུ་གིས་ ཀྲོང་གསར་རྫོང་ནང་ མགོན་པོ་ཚེ་དཔག་མེད་ཀྱི་ དབང་ཞུ་ནིའི་དོན་ལུ་ སྤུངས་འཛོམས་འབད་ཡི།
ལོ་བསྟར་བཞིན་དུ་ རང་ཟླ་༨ པའི་ཚེས་༨ ལུ་ གནང་སྲོལ་ཡོད་པའི་ ཚེ་དཔག་མེད་དབང་དེ་ རྒྱལ་ཁབ་ནང་ ཡོངས་གྲགས་དང་ བྱིན་རླབས་ཅན་ཅིག་ཨིན་པས།
ཁ་རྒྱུན་དང་འཁྲིལཝ་ད་ ཀྲོང་གསར་ཚེ་དཔག་མེད་དབང་དེ་ ཀྲོང་གསར་དཔོན་སློབ་ འཇིགས་མེད་རྣམ་རྒྱལ་དབང་ཕྱུག་མཆོག་གིས་ འགོ་བཙུགས་པའི་ཤུལ་ལུ་ འབྲུག་རྒྱལ་དང་པ་ གོང་ས་ཨྱོན་དབང་ཕྱུག་མཆོག་གི་སྐབས་ རྒྱས་ཤིང་རྒྱསཔ་སྦེ་དར་ཁྱབ་བཏང་ཡོདཔ་སྦེ་ཨིན་པས།
ཚེ་དཔག་མེད་དབང་ མ་གནང་པའི་ཧེ་མར་ ཀྲོང་གསར་རབ་སྡེའི་བླམ་གནས་བརྟན་གྱིས་ དབུ་བཞུགས་ཐོག་ དགེ་སློང་ཞལ་གྲངས་༡༠༠ ལྷགཔ་ཅིག་གིས་ རང་ཟླ་༨ པའི་ཚེས་༩ ལས་འགོ་བཙུགས་ བདུན་ཕྲག་༡ གི་རིང་ ཚེ་དཔག་མེད་ཁྲོ་བོ་གི་ གསུང་ཆོག་གནང་ཡོདཔ་ད་ ཚེས་༡༥ འི་དྲོ་པ་ མི་སེར་ཚུ་ལུ་ དབང་གནངམ་ཨིན་པས།
ཀྲོང་གསར་རྫོང་ གདན་ས་བཅགས་གནང་མི་ ཡོངས་འཛིན་ངག་གི་དབང་ཕྱུག་མཆོག་གི་ ཕྱག་མཁར་གུ་ ཉིན་གྲངས་༧ གྱི་རིང་གནང་ཡོད་པའི་ ཚེ་དཔག་མེད་ཁྲོ་བོ་གི་ དཀྱིལ་འཁོར་ནང་བཞག་ཡོད་པའི་ཚེ་དར་དེ་ དཔྱངས་བཞག་དོ་ཡོདཔ་ཨིན་པས།
ཆོས་རབ་དཔེ་མཛོད་འགོ་དཔོན་ སློབ་དཔོན་རྡོ་རྗེ་དབང་ཕྱུག་གིས་ སླབ་མིའི་ནང་ ཚེ་དཔག་མེད་དབང་དེ་ དད་པ་བསྐྱེད་དེ་ཞུ་བ་ཅིན་ གནས་སྐབས་རང་གི་ཚེ་བསྲིང་ནི་དང་ སྡིག་སྒྲིབ་དག་ནི་ བདེ་སྐྱིད་གོང་འཕེལ་འགྱོ་ནི་ དེ་ལས་ མཐར་ཐུག་ སངས་རྒྱས་ཚེ་དཔག་མེད་ཀྱི་ གོ་འཕང་འཐོབ་ཚུགས་པའི་ ཕན་ནུས་ཡོད་ཟེར་ཨིན་པས།
ཚེ་ཆོག་དེ་ རས་ཆུང་རྡོ་རྗེ་གྲགས་པ་གིས་ རྒྱ་གར་ལས་ སྒྲུབ་ཆེན་ཏི་ཕུག་པ་ལས་ ཞུ་ཞིནམ་ལས་ བོད་ལུ་དར་ཁྱབ་བཏང་ཡོདཔ་ད་ རས་ཆུང་གིས་ རྗེ་བརྩུན་མི་ལ་རས་པ་ལུ་གནང་ཞིནམ་ལས་ཚུར་ ད་ལྟོའི་བར་ན་ཡང་ དབང་ལུང་ཁྲིད་༣ མ་ཉམས་པར་ཡོདཔ་སྦེ་ཨིན་པས།
ཚེ་ཆོག་དེ་ཡང་ ཕྱི་ནང་གསང་༣ སྦེ་གནང་སྲོལ་ཡོདཔ་ད་ ཕྱི་ཚེ་ལྷ་གཅིག་འབུམ་༡ དང་ ནང་ཞི་བ་ལྷ་མང་ དེ་བཟུམ་སྦེ་ གསང་བ་ཚེ་དཔག་མེད་ཁྲོ་བོ་ཨིནམ་ད་ ཀྲོང་གསར་ལུ་གནང་མི་དེ་ ཚེ་དཔག་མེད་ཁྲོ་བོ་ཨིན་པས།
རྡོ་རྗེ་དབང་ཕྱུག་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཚེས་༨ ལུ་ རབ་སྡེའི་དགེ་སློང་ཚུ་ དྲོ་པ་གསོལཝ་གྲོལཝ་ཅིག་ ཁྲུས་སྤང་ལུ་ གྱལ་བཙར་ཏེ་ ཁྲུས་གནང་པར་འགྱོ་ལས་ ན་བཟའ་ཚུ་སོར་ཏེ་ ཆུ་ཚོད་༢ ལུ་ ལོག་རྫོང་ནང་བྱོན་ཏེ་ གསུང་ཆོག་གནངམ་ཨིན་ཟེར་ཨིན་པས།
ཨིན་རུང་ ད་རེས་ནངས་པར་ དེ་བཟུམ་འབད་སྲོལ་མེད་མི་དེ་ཡང་ ཆུའི་མཐུན་རྐྱེན་ཚུ་ རང་སྡོད་སའི་ ས་གོ་ནང་ཡོད་མི་ལུ་བརྟེན་ ཨིནམ་བཟུམ་སྦེ་ཨིན་པས།
དཀར་གཞོང་ལས་ དུས་ཡུན་ཆུ་ཚོད་༣ ལྷགཔ་ཅིག་ རྐང་སྟོང་སྦེ་འོང་མི་ ཀརྨ་གིས་ སླབ་མིའི་ནང་ ལོ་བསྟར་བཞིན་དུ་ ཚེ་དཔག་མེད་དབང་ཞུ་བར་འོང་མི་དེ་ཡང་ ཚེ་བསྲིང་ནི་དང་ སྡིག་སྒྲིབ་དག་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
ཚེ་དཔག་མེད་དབང་དང་འབྲེལ་ འདས་པའི་ལོ་༦ དེ་ཅིག་ལས་ཚུར་ ནང་རྟེན་བྱིན་ཅན་ཚུ་ མི་མང་ལུ་ མཇལ་ཁ་གནང་དོ་ཡོདཔ་ད་ ཁ་ཙ་ མི་མང་ལུ་ ནང་རྟེན་༩ དེ་ཅིག་ མཇལ་ཁ་གནང་ཡི།
ནང་རྟེན་ཚུ་ནང་ ཆོས་རྩེ་མགྲོན་མཉེར་རྡོ་རྗེ་རབ་བརྟན་གྱིས་ རྫོང་གི་དབུ་རྩེའི་ཟུར་ལས་ གཏེར་སྦེ་བཞེས་མི་ ནོར་བུ་གཟི་ཁྱིམ་ལས་བསྒྲུབས་པའི་ སྟོན་པའི་སྐུ་དང་ འཇིགས་མེད་རྣམ་རྒྱལ་གྱིས་བསྒྲུབས་ཡོད་པའི་ ནོར་བུ་སི་ལི་རཝ་གྱི་ གུ་རུ་མཚན་༨དང་ དེ་བཟུམ་སྦེ་ འགྲོ་མགོན་གཙང་པ་རྒྱ་རས་ཀྱི་ རྡོ་གུ་ཨ་དཀརཔོ་སྦེ་ཡོད་མི་ རྡོ་ཨ་ཀར་ཅན་མ་དེ་ མཇལ་ཁ་གནང་ཡི།
དེ་བཟུམ་སྦེ་ ད་རུང་ ཞབས་དྲུང་རིན་པོ་ཆེ་གིས་ རྡོ་ཨ་ཁམ་བཅམས་མི་དང་ རྗེ་མཁན་པདྨ་བཟང་པོ་གི་ཚེམས་ ཀུན་མཁྱེན་ཀློང་ཆེན་སྐུ་གོང་མ་ པདྨ་ལས་བྲལ་རྩལ་གྱི་དབུ་ཐོད་ ཞབས་དྲུང་ང་འདྲ་མ་ གུ་རུ་དྲག་དམར་གྱི་ཐང་ཀ་ སྟོན་པའི་རིང་བསྲེལ་ལས་ འཁྲུངས་ཡོད་པའི་ཕེབས་དུང་ཚུ་ མཇལ་ཁ་གནང་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

 

About admin

Check Also

སྨན་སྦྱིས་འུང་སྤྱི་འོག་གི་ དུར་ཁྲོད་ཁར་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་གདོང་ལེན།

༉ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་དྲུང་ཁག་ གསེར་ཐིག་རྒེད་འོག་ སྨན་སྦྱིས་འུང་སྤྱི་འོག་གི་ དུར་ཁྲོད་དེ་ ལོ་ལེ་ཤ་མ་ལང་རུང་ གསང་སྤྱོད་དང་འཐུང་ཆུ་ གློག་མེ་ལ་སོགས་པའི་ གཞི་རྟེན་མཐུན་རྐྱེན་ཚུ་མེདཔ་ལས་ མི་ཚུ་ལུ་ གདོང་ལེན་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས། ད་རེས་ དུར་ཁྲོད་དེ་ནང་ …

Leave a Reply

Your email address will not be published. Required fields are marked *