དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་།

དངུལ་རྩིས་བློན་པོ་གིས་ རང་མགོ་རང་འདྲོངས་ལུ་ གཙོ་རིམ་བཟུང་ནི།

༉ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ བདུན་ཕྲག་འདི་ནང་ ལས་ཁུངས་དྲུག་གི་འགོ་དཔོན་དང་ ལས་བྱེདཔ་ཚུ་དང་འཕྱད་ཞིནམ་ལས་ གོམས་འདྲིས་ལས་རིམ་ཅིག་ འགོ་འདྲེན་འཐབ་ནི་ཨིན་པས།
བློན་པོ་གིས་ དངུལ་རྩིས་དྲུང་ཆེན་དང་ ལས་ཁུངས་ཁག་གི་ འགོ་དཔོན་ཚུ་དང་ ཕྱད་ཡོདཔ་ད་ བློན་པོ་གིས་ སླབ་མིའི་ནང་ བུ་ལོན་དང་འབྲེལ་བའི་གནད་དོན་ཐོག་ ལོ་རྒྱུས་ལེ་ཤ་ཐོན་དོ་ཡོདཔ་ད་ དེ་ནང་ལས་ བརྒྱ་ཆ་༨༠ དེ་ཅིག་ གློག་མེ་ལས་འགུལ་དོན་ལུ་ ཨིན་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་རེས་ ང་བཅས་ཀྱི་རྒྱལ་ཁབ་འདི་ ནང་འཁོད་ཐོན་སྐྱེད་ཀྱིས་ རྒྱུན་སྐྱོང་གི་ཟད་འགྲོ་ བདའ་ཟུན་པའི་ གནས་སྟངས་ནང་ལྷོད་དེ་ཡོད་ཟེར་ཨིནམ་ད་ གཞུང་གི་ལཱ་འབད་ཚར་མི་ཚུ་ བསྐྱར་ཞིབ་འབད་ཞིནམ་ལས་ ཕྱག་ལཱ་ལེགས་ཤོམ་ཡོད་མི་ཚུ་ འཕྲོ་མཐུད་དེ་ར་ འབད་ནི་ཟེར་ཨིན་པས།
དེ་མ་ཚད་ ཕྱིའི་གྲོགས་རམ་ལུ་ དྲནམ་བཏོན་ཏེ་ ལཱ་འབད་ནི་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ རྒྱལ་ཁབ་འདི་ ཕྱིའི་གྲོགས་རམ་འཐོབ་ནི་ལུ་ འོས་འབབ་ཡོདཔ་ཨིན་རུང་ རང་མགོ་རང་འདྲོངས་ཀྱི་ དམིགས་ཡུལ་འགྲུབ་ནི་དོན་ལུ་ ལཱ་འབད་ནིའི་ དུས་ཚོད་རན་མཆིས་ཟེར་ཨིན་པས།
ཕྱོགས་གཅིག་ལས་ རྒྱལ་ཁབ་རང་མགོ་རང་འདྲོངས་བཟོ་ནིའི་ ལོ་རྒྱུས་སླབ་ནི་དང་ གཅིག་གི་ཁ་ཐུག་ལས་ གཞུང་གིས་ རྒྱལ་སྤྱིའི་གྲོགས་རམ་འཚོལ་ནི་ནང་ ཡར་སེང་འབད་བ་ཅིན་ ངན་པའི་སྲོལ་ཁྱུན་ གཞི་བཙུགས་འབད་ནི་མས་ཟེར་ཨིན་པས།
ཁྲལ་ལེགས་བསྒྱུར་དེ་ ཐབས་ལམ་སྦོམ་ཅིག་འབད་འོང་ནི་ཨིནམ་ད་ ཁྲལ་མཐོ་ཤོས་བཏབ་མི་ ངོས་འཛིན་འབད་ནི་ཨིན་པའི་ དངུལ་འབྲེལ་གྱི་སྲིད་བྱུས་ཅིག་ གཞི་བཙུགས་འབད་ནི་ཟེར་ཨིནམ་ད་ བློན་པོ་ཁོ་ར་ དངུལ་རྩིས་ཀྱི་ མཁས་མཆོག་མེནམ་ལས་ ལྷན་ཁག་ནང་གི་ འགོ་དཔོན་ཚུ་ལས་ ལྷབ་སྦྱང་འབད་ནི་ཟེར་ཨིན་པས།
བློན་པོ་རྣམ་རྒྱལ་ཚེ་རིང་གིས་ སྲིད་ནང་ བཅའ་མར་མ་གཏོགས་པའི་ཧེ་མར་ གསོ་བའི་ལྷན་ཁག་ནང་ ལོ་ངོ་༡༤ ཕྱག་ཞུ་ཡོདཔ་མ་ཚད་ རྒྱལ་ཡོངས་ཨེཆི་ཨའི་བི་དང་ ཨེས་ཊི་ཌི་ དེ་ལས་ ཨེས་ཊི་ཨའི་ རྒྱལ་ཡོངས་ཀྱི་ལས་རིམ་འཛིན་སྐྱོང་པ་དང་ གསོ་བའི་ལྷན་ཁག་འོག་གི་ མི་མང་གསོ་བའི་ལས་ཁུངས་འོག་གི་ འབུ་ནད་བཀག་ནིའི་སྡེ་ཚན་གྱི་ འགོ་འཛིན་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
སྤ་རོ་ བྱེ་ལེ་ཁ་ལས་ཨིན་མི སྐྱེས་ལོ་༣༩ ལང་མི་ བློན་པོ་རྣམ་རྒྱལ་ཚེ་རིང་གིས་ ཐའི་ལེནཌ་གྱི་ ཅུ་ལ་ལོན་ཀོརན་གཙུག་ལག་སློབ་སྡེ་ནང་ལས་ མི་མང་གསོ་བའི་ནང་ མཐོ་རིམ་གོང་མིའི་ ཤེས་ཡོན་སྦྱང་ཡོདཔ་ད་ རྒྱ་གར་ཏ་མིལ་ན་ཌུ་ མཱ་ད་རཱསི་གཙུག་ལག་སློབ་སྡེ་ནང་ལས་ བརྡ་དོན་ནང་ཚན་རིག་གི་ མཐོ་རིམ་ཤེས་ཡོན་ སྦྱངས་ཡོདཔ་ཨིན་པས།
རྡོ་སྒར་ཤར་པ་འདེམས་ཁོངས་ནང་ལས་ བློན་པོ་འགོ་དང་པ་འབདཝ་ལས་ འདེམས་ཁོངས་ཀྱི་མི་ཚུ་ དཔའ་ཉམས་བསྐྱེད་པའི་གཞི་ཨིནམ་ད་ ཁོ་ར་ བློན་པོ་འཐོབ་ནིའི་ རེ་བ་མ་བསྐྱེད་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉིམ་རྡོ་རྗེ།

 

About admin

Check Also

གནས་ཚུལ་མདོར་བསྡུས།

བཀྲིས་སྒང་གི་ ལོ་བསྟར་ཚེས་བཅུ་དེ་ ད་རིས་ལས་ འགོ་བཙུགསཔ་བཞིན་དུ་ ཁ་ཙ་ལས་ བཀྲིས་སྒང་ཁྲོམ་ཁར་ སྡོད་མི་ཚུ་གིས་ རྫོང་གི་ཕྱི་ཁར་ ཚོང་བཙུགས་ནིའི་དོན་ལས་ གྲ་སྒྲིག་འབད་ཡོདཔ་ད་ མི་ལོ་༣༥༩ ལང་མི་ བཀྲིས་སྒང་རྫོང་དེ་ ཉམས་གསོ་ཞུ་ནི་འགོ་བཙུགས་ཞིནམ་ལས་ཚུར་ ལོ་བསྟར་ཚེས་བཅུ་དེ་ …

Leave a Reply

Your email address will not be published. Required fields are marked *