དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་།

དངུལ་རྩིས་བློན་པོ་གིས་ དངུལ་ཕོགས་བསྐྱར་བཟོའི་བཅའ་ཁྲིམས་ བརྩམ་དགོ་པའི་ཞུ་བ།

༉ སྤྱི་ཟླ་༦ པའི་ཚེས་༡༢ ལུ་ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ རྒྱལ་ཡོངས་ཚོགས་སྡེ་ནང་ དངུལ་ཕོགས་བསྐྱར་བཟོའི་དཔྱད་ཡིག་ ངོ་སྤྲོད་འབད་བའི་སྐབས་ མ་འོངས་པའི་ནང་ དཔྱད་ཡིག་དང་འབྲེལ་བའི་ སྟབས་མ་བདེཝ་ མི་འཐོན་ནིའི་དོན་ལུ་ དངུལ་ཕོགས་ལྷན་ཚོགས་ཀྱིས་ བཅའ་ཁྲིམས་བརྩམ་དགོཔ་འདུག་ཟེར་ཞུ་ཡི།
དེ་ཡང་ ཚོགས་སྡེ་གིས་ དངུལ་ཕོགས་བསྐྱར་བཟོའི་དཔྱད་ཡིག་དེ་ དངུལ་ཕོགས་ལྷན་ཚོགས་ཀྱིས་ སྙན་ཞུ་སྦེ་ གསུང་གྲོས་གནང་དགོཔ་སྦེ་ གྲོས་འདེབས་ཕུལ་ཡོད་རུང་ གཞུང་གིས་ ཚོགས་ཁང་ནང་ གྲོས་བསྡུར་འབད་བའི་སྐབས་ དཔྱད་ཡིག་སྦེ་ གྲོས་བསྡུར་འབད་མི་དེ་ ཁྲིམས་མཐུན་མེནམ་སྦེ་ ཞུ་མི་དེ་ལུ་ ལན་གསལ་སྦེ་ དངུལ་རྩིས་བློན་པོ་གིས་ཞུ་ཡི།
ཧཱ་གི་འཐུས་མི་ ཨོ་རྒྱན་བསྟན་འཛིན་གྱིས་ དངུལ་རྩིས་བློན་པོ་གིས་ ཚོགས་ཁང་ལུ་ སྙན་ཞུ་འབད་བའི་སྐབས་ དཔྱད་ཡིག་བཟུམ་སྦེ་བཙུགས་ཏེ་ ཆ་འཇོག་འབད་མི་དེ་ཡང་ དཔྱད་ཡིག་སྦེ་ར་ བཞག་དགོ་པའི་ ཚོར་སྣང་བྱུང་དོ་ཟེར་ ཞུ་དེས་ཟེར་ཞུ་ཡི།
ཚོགས་དཔོན་དབང་ཕྱུག་རྣམ་རྒྱལ་གྱིས་འབད་རུང་ དཔྱད་ཡིག་སྦེ་ གསལ་བསྒྲགས་འབད་བའི་ཁར་ དངུལ་ཕོགས་བསྐྱར་བཟོའི་དཔྱད་ཡིག་དེ་ ཏི་རུའི་དཔྱད་ཡིག་སྦེ་འགྱོ་བ་ཅིན་ མ་འོངས་པའི་ནང་ སྟབས་མ་བདེཝ་ཐོན་ནིའི་ དོགས་པ་འབད་དགོཔ་འདུག་ཟེར་ འཐུས་མི་གིས་ཞུ་དེས་ ཞུ་ཡི།
ད་རེས་ཀྱི་སྙན་ཞུ་དེ་ ཚོགས་འདུ་གིས་ ཏི་རུའི་དཔྱད་ཡིག་སྦེ་བཙུགས་ཏེ་ གྲོས་བསྟུན་འགོ་བཙུགས་ཡོདཔ་ལས་ ཚོགས་སྡེ་གིས་ཡང་ ཏི་རུའི་དཔྱད་ཡིག་སྦེ་ར་ ངོས་ལེན་མ་འབད་བར་ ཐབས་མེད་པའི་ བྱ་བ་ལུ་ཐུག་ཡི་ཟེར་ འཐུས་མི་གིས་ཞུ་ཡི།
དངུལ་རྩིས་བློན་པོ་གིས་ དེ་ལུ་ དོགས་སེལ་འབད་མིའི་ནང་ ཁྲལ་དགོངས་ཡངས་ཀྱི་སྐོར་ལས་ སྙན་ཞུ་དེ་ནང་ ཚུད་དེ་ཡོདཔ་ལས་ ཚོགས་དཔོན་ལུ་ ངོ་སྤྲོད་མ་འབད་བའི་ཧེ་མ་ལས་ ཞུ་བ་འབད་ཡི་ཟེར་ དོགས་སེལ་འབད་ཡོདཔ་ད་ ཚོགས་སྡེ་གིས་ གནད་དོན་དེ་ལུ་ ཚོགས་འདུ་དང་གཅིག་ཁར་ གྲོས་བསྟུན་འབད་ནི་འབདཝ་ད་ གོ་སྐབས་མ་བྱིན་པའི་སྐོར་ལས་ ཞུ་མི་དེའི་ཐད་ཁར་ བློན་པོ་གིས་ ལྷན་རྒྱས་གཞུང་ཚོགས་ཀྱིས་ཚོགས་འདུ་ལུ་བྱིན་མི་ ཡི་གུའི་འདྲ་མཐོངམ་ད་རྐྱངམ་གཅིག་ གནད་དོན་དེའི་སྐོར་ལས་ ཧ་གོ་ཡོདཔ་ལས་ དེ་ནང་ བརྡ་སྤྲོད་ལེན་གྱི་ ཁྱད་པར་ཞུགས་ཡོད་པའི་ དོགས་པ་ཡོདཔ་ལས ད་ལས་ཕར་ དེ་བཟུམ་ མི་འབྱུང་ནིའི་དོན་ལུ་ ལམ་ལུགས་ཅིག་ སྒྲིང་སྒྲིང་བཟོ་ནི་ལུ་ ངོས་ལེན་འབད་ནི་ཟེར་ཞུ་ཡི།
བློན་པོ་གིས་ ཚོགས་འདུ་གིས་ ཤེས་བཞིན་དུ་མ་འབདཝ་ལས་ བཟོད་གསོལ་ཡོད་ཟེར་ ཞུ་ཡོདཔ་ད་ དངུལ་ཕོགས་བསྐྱར་བཟོའི་གསུང་གྲོས་དོན་ལུ ད་ལྟོ་ ལམ་ལུགས་སྒྲིང་སྒྲི་མིན་འདུག་ཟེར་ཨིནམ་ད་ ད་ལྟོའི་གནས་སྟངས་ནང་ དངུལ་ཕོགས་ལྷན་ཚོགས་ གཞི་བཙུགས་འབད་བའི་ཤུལ་ལས་ གཞུང་གི་བྱ་བའི་གནད་སྤྱོད་ཀྱི་ལམ་ལུགས་དང་འཁྲིལ་ཏེ་ ལྷན་ཚོགས་དེ་ ལཱ་འབད་དགོ་པའི་ ལམ་ལུགས་འདུག་ཟེར་ཞུ་ཡི།
བཅའ་ཁྲིམས་ཅིག་ཡོད་པ་ཅིན་ དངུལ་ཕོགས་ལྷན་ཚོགས་ཀྱིས་ བསྐྱར་བཟོ་འབད་དགོཔ་ ག་ཅི་ཡོདཔ་ཨིན་ན་ཚུ་ ཁ་གསལ་ཤེས་དགོཔ་དེ་ གལ་ཆེ་བས་ཟེར་ དངུལ་རྩིས་བློན་པོ་གིས་ཞུ་ཡོདཔ་ད་ མ་འོངས་པའི་ནང་ ཁྲལ་དགོངས་ཡངས་དང་ ཐོབ་ཐངས་ཚུའི་སྐོར་ལས་ དངུལ་ཕོགས་ལྷན་ཚོགས་ཀྱིས་ གྲོས་བསྟུན་འབད་དགོ་པའི་ འགན་ཁུར་ཅིག་སྦེ་ མ་མཐོང་ཟེར་ཞུ་ཡི།
ལཱ་འགན་ཚུ་ དབྱེ་བ་ཕྱེ་བ་ཅིན་ དེ་གིས་ ཏི་རུ་དང་ དངུལ་ཕོགས་ཀྱི་སྙན་ཞུ་སྦེ་ འགྱོ་དགོ་མི་ཚུ་ ཁ་གསལ་ཤེས་ཚུགས་ནི་ཨིནམ་ད་ དྭངས་གསལ་འགྱོ་ནི་ཨིནམ་ལས་ རབ་འབྱུང་པ་ཅིན་ དངུལ་ཕོགས་བསྐྱར་བཟོའི་བཅའ་ཁྲིམས་དེ་ ཚོགས་ཐེངས་༤ པའི་ནང་ ཚུདཔ་སྦེ་འབད་ནིའི་ རེ་བ་ཡོད་ཟེར་ དངུལ་རྩིས་བློན་པོ་གིས་ ཚོགས་སྡེ་ལུ་ཞུ་ཡི།
དངུལ་རྩིས་བློན་པོ་གིས་ ད་རུང་ ཚོགས་ཁང་གཉིས་ཀྱི་བར་ན་ མོས་མཐུན་མེདཔ་བཟུམ་མའི་ ཚོར་སྣང་བྱུང་ཡོད་རུང་ ཚོགས་ཁང་གཉིས་ཀྱི་བར་ན་ སྟབས་བདེཝ་དང་མ་བདེཝ་ཚུ་ འོས་འབབ་དང་འཁྲིལ་ ངོས་ལེན་འབད་འོང་ཟེར་ ཁས་བླངས་འབད་ཡི།
དངུལ་རྩིས་བློན་པོ་གིས་ ཚོགས་སྡེ་གིས་ གཞུང་སྐྱོང་གི་སྐྱོན་མཐོང་མི་དེ་ལུ་ ངོས་ལེན་འབད་དེ་ བཅའ་ཁྲིམས་ཅིག་སྟེ་ ལམ་ལུགས་གཞི་བཙུགས་འབད་བ་ཅིན་ དེ་གིས་ རྒྱལ་རབས་ནང་ཚུད་ཚུགས་པའི་ རེ་བ་ཡང་ཡོད་ཟེར་ཞུ་ཡི།
ཚོགས་སྡེའི་ཁྲི་འཛིན་ བཀྲིས་རྡོ་རྗེ་གིས་ ཚོགས་སྡེ་གིས་ གནད་དོན་དེ་ ཚོགས་འདུ་ནང་ གྲོས་བསྡུར་མ་འབད་བའི་ཧེ་མར་ འཐུས་མི་དག་པ་ཅིག་དང་གཅིག་ཁར་ ཚོགས་འདུ་ནང་སོང་ཡོད་རུང་ ངོས་ལེན་ཅིག་མ་ཐོབ་པའི་ཁར་ ཤུལ་ལས་ ཡིག་གུའི་ཐོག་ལས་ ལན་འོངམ་ད་ དེ་ནང་ གཞུང་གིས་ ཚོགས་སྡེ་གིས་དཔའ་བཅམ་མིའི་སྐོར་ལས་ ཤེས་རྟོགས་མེདཔ་སྦེ་ བཀོད་ཡོད་མི་ལུ་ བློ་ཕམ་བྱུང་ཡི་ཟེར་གསུངས་ཡི།
ངོ་སྤྲོད་འབདཝ་དང་གཅིག་ཁར་ འཐུས་མི་ཚུ་གིས་ དངུལ་ཕོགས་བསྐྱར་བཟོའི་དཔྱད་ཡིག་དེ་ནང་ འཐུས་མང་སུ་བྱིན་ཏེ་ཡོདཔ་ལས་ དེ་གིས་ སློབ་དཔོན་དགོངས་ཞུ་འབད་མི་དང་ ཡར་སེང་ཐོབ་མི་དེ་ བརྒྱ་ཆ་༥ དེ་ཅིག་ལས་མེདཔ་ལས་ འདྲ་མཉམ་ཅིག་ མ་མཐོང་ཟེར་ཞུ་ཡི།
དེ་བཟུམ་སྦེ་ དངུལ་ཕོགས་ཡར་སེང་གི་བྱེམ་དེ་ ག་དེ་སྦེ་ བསུབ་ཚུགས་ག་ཟེར་ དྲི་བ་བཀོད་མི་ལུ་ བློན་པོ་གིས་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ ཐོན་སྐྱེད་དེ་ལུ་ དོགས་པ་མེད་ཟེར་ ཞུ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ སྒོ་ནོར་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཨོ་ཆས་བཙོང་སའི་ཁང་མིག་ནང་ དྲོ་པ་ལས་ར་ ཨོམ་དང་མར་ དར་ཚིལ་ ཞོ་གིས་ གང་སར་མཐོངམ་ཨིནམ་པས། དེ་ཡང་ བཀྲིས་གཡང་རྩེའི་མི་ཚུ་གིས་ སྒོ་ནོར་ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་དོ་ཡོད་པའི་ རྟགས་མཚན་ཨིནམ་མ་ཚད་ སྒོ་ནོར་གྱི་ཐོན་སྐྱེད་ཡར་དྲག་སོང་ཡོད་པའི་ རྟགས་མཚན་ཅིག་ཡང་ …

Leave a Reply

Your email address will not be published. Required fields are marked *