དངུལ་འབྲེལ་གཙུག་སྡེ་ཚུ་གི་དངུལ་སྐྱེད་ འཛམ་གླིང་ནང་ མཐོ་དྲགས་སྦེ་ཡོདཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ནང་ ཨ་ཐང་-ཐེད་ཚོའི་འཐུས་མི་ ཀུན་ལེགས་དབང་ཕྱུག་གིས་ དངུལ་འབྲེལ་གཙུག་སྡེ་ཚུ་གི་ སྐྱིན་འགྲུལ་གྱི་ སྐྱེད་ཚད་དེ་ འཛམ་གླིང་ནང་ མཐོ་ཤོས་ཅིག་སྦེ་ཡོདཔ་ལས་ རྒྱལ་ཁབ་གོང་འཕེལ་གཏང་དགོ་པ་ཅིན་ བྱ་སྟབས་བདེ་ཏོག་ཏོ་དེ་ དངུལ་སྐྱེད་དེ་ མར་ཕབ་ཐོག་ ཚད་གཞི་ཉུང་སུ་ཅིག་སྦེ་ འོང་དགོ་ཟེར་ཞུ་ཡི།
ཨིན་རུང་ ད་རེས དངུལ་འབྲེལ་གཙུག་སྡེ་ཚུ་ལུ་ བལྟ་བ་ཅིན་ འཛམ་གླིང་ནང་ རྣམ་ཏོག་ལང་སི་སི་སྦེ་ སྐྱིན་འགྲུལ་གྱི་སྐྱེད་དེ་ མཐོ་ཤོས་ཅིག་གི་ གྲངས་སུ་ཚུད་དེ་ཡོདཔ་ད་ དེ་གིས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ཡར་དྲག་གཏང་ནི་ལུ་ ཐོ་ཕོག་སྟེ་འདུག་ཟེར་ཞུ་ཡི།
འཐུས་མི་ཀུན་ལེགས་དབང་ཕྱུག་གིས་ ཞུ་མིའི་ནང་ ཧེ་མ་འབད་བ་ཅིན་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ སྐྱེད་དུམ་གྲ་ཅིག་ལས་བརྒལ་ ཕབ་མ་ཚུགས་པས་ཟེར་ཨིནམ་ད་ ད་རེས་ ཚོང་འབྲེལ་འཐབ་ནིའི་དོན་ལུ་ ཁྱིམ་རྐྱབ་ནིའི་ སྐྱིན་འགྲུལ་གྱི་སྐྱེད་དེ་ བརྒྱ་ཆ་༩-༡༢ ཀྱི་བར་ན་ཡོདཔ་ལས་ མཐོ་དྲགས་པས་ཟེར་ཨིན་པས།
དེ་འབདཝ་ལས་ རྒྱལ་ཁབ་ནང་ ཚོང་ལཱ་འཐབ་མི་ གྱངས་ཁ་མར་འབབ་འགྱོ་ཡོདཔ་ད་ གལ་སྲིད་ དངུལ་སྐྱེད་དེ་ ཉུང་སུ་ཡོད་པ་ཅིན་ ཁྱིམ་རྐྱབ་མི་ཚུ་གིས་འབད་རུང་ ཁང་གླ་ཡང་ ཉུང་སུ་སྦེ་ སླབ་འོང་ཟེར་ཨིན་པས།
གནད་དོན་དེ་ལུ་བརྟེན་ ད་རེས་ གཞུང་གིས་ དངུལ་འབྲེལ་གཙུག་སྡེ་ཚུ་གི་ སྐྱེད་མར་ཕབ་འབད་ནིའི་ འཆར་གཞི་ག་ཅི་ཡོད་ག་ཟེར་ དྲི་བའི་ལན་ལུ་ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ ཞུ་མིའི་ནང་ དངུལ་འབྲེལ་གྱི་ སྲིད་བྱུས་དེ་ གཞུང་གིས་དང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ དངུལ་འབྲེལ་སྲིད་བྱུས་དེ་ འཛིན་སྐྱོང་འཐབ་དོ་ཟེར་ཨིན་པས།
དེ་མ་ཚད་ དབང་འཛིན་གྱི་ བཅའ་ཁྲིམས་༢༠༡༠ ཅན་མ་དང་འཁྲིལཝ་ད་ དངུལ་སྐྱེད་ཡར་སེང་མར་ཕབ་དང་ འཛིན་སྐྱོང་གི་ དཀའ་ངལ་སེལ་ཐབས་འབད་ནི་ དངུལ་ཁང་ཚུ་གིས་ སྐྱིན་འགྲུལ་བྱིན་ནི་ ཕྱི་དངུལ་ཚུ་ རྒྱལ་ཁབ་ནང་ གསོག་འཇོག་འབད་ནི་ དེ་ལས་ དངུལ་ཀྲམ་དེ་ ཕྱི་དངུལ་དང་འདྲ་མཉམ་བཟོ་ནིའི་ སྲིད་བྱུས་ཚུ དབང་འཛིན་གྱིས་ བསྟར་སྤྱོད་འབད་དོ་ཟེར་ དངུལ་རྩིས་བློན་པོ་གིས་ ཞུ་ཡི།
ཁོ་གིས་འབད་བ་ཅིན་ དངུལ་འབྲེལ་སྲུད་བྱུས་དེ་ གཞུང་གིས་སྦེ་ ལག་ལེན་འཐབ་ད་ གཞུང་ལུ་ དབང་ཚད་དང་ འགན་ཁུར་དེ་ ཁྲལ་ཡར་སེང་མར་ཕབ་དང་ སྤྱིར་བཏང་རྒྱལ་ཁབ་ཀྱི་ ཟད་འགྲོ་གཏང་ནིའི་དོན་ལུ་ སྲིད་བྱུས་རྩ་བརྟན་དང་ ཕྱིའི་སྐྱིན་འགྲུལ་ལེན་མི་ཚུ་ བཙན་ཏོག་ཏོ་སྦེ་ སྲིད་བྱུས་ལྟར་དུ་ ལག་ལེན་འཐབ་ནི་དེ་ཨིན་ཟེར་ཨིན་པས།
དངུལ་འབྲེལ་དང་ ཏི་རུའི་སྲིད་བྱུས་དེ་ ཟུང་འབྲེལ་སྦེ་ འགྱོ་དགོཔ་དེ་ ཁག་ཆེ་ནི་ཨིནམ་ད་ དབང་འཛིན་གྱི་ ཁ་ཐུག་ལས་ ད་ལྟོ་ཚུན་ སྐྱིན་འགྲུལ་གྱི་སྐྱེད་ཚུ་ མི་སེར་གྱི་ ཁེ་ཕན་ལུ་དམིགས་ཏེ་ སྤྱི་ལོ་༡༩༩༩ ལུ་ དངུལ་ཁང་ཚུ་ལུ་ ཁྲལ་བཀལ་ནི་གི་ སྲིད་བྱུས་བརྩམས་ནུག་ཟེར་ དངུལ་རྩིས་བློན་པོ་གིས་ ཞུ་ཡི།
རྡོ་དཀར་-ཤར་པའི་འཐུས་མི་ བློན་པོ་རྣམ་རྒྱལ་ཚེ་རིང་གིས་ དངུལ་ཁང་ཚུ་ནང་ ཏི་རུ་མངམ་ཡོད་པ་ཅིན སྐྱེད་ཆུང་ཀུ་སྦེ་ བྱིན་ཚུགས་པའི་ཁར་ སྐྱིན་འགྲུལ་ལེན་མི་ མངམ་ཡོད་པ་ཅིན་ སྐྱེད་མང་སུ་སྦེ་ བཀལ་ནིའི་དབང་ཚད་ དངུལ་ཁང་ཚུ་ལུ་འདུག་ཟེར་ཞུ་ཡི།
འཐུས་མི་ཀུན་ལེགས་དབང་ཕྱུག་གིས་ ཞུ་མིའི་ནང་ ཞི་གཡོགཔ་ཚུ་གི དངུལ་ཕོགས་ཡར་སེང་འབད་རུང་ དངུལ་འབྲེལ་གཙུག་སྡེ་ཚུ་གིས་ སྐྱེད་ཀྱི་ཚད་གཞི་ མར་ཕབ་འབད་མ་ཚུགས་པ་ཅིན་ སྐྱ་ནམ་གྱི་གོང་ཚད་དང་ ཁྱིམ་གྱི་ཁང་གླར་ཚུ་ ཡར་འཛེགས་འགྱོ་འོང་ཟེར་ཨིན་པས།
དེ་འབདཝ་ལས་ གཞུང་གིས་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ གྲོས་བསྟུན་ཐོག་ དངུལ་སྐྱེད་ཀྱི་ ཚད་གཞི་དེ་ མར་ཕབ་འབད་དགོཔ་འདུག་ཟེར་ འཐུས་མི་གིས་ ཞུ་ཡི།
སྤྱི་ལོ་༢༠༡༢ ལུ་ དབང་འཛིན་གྱིས་ སྲིད་བྱུས་གསརཔ་ སྐྱིན་འགྲུལ་གཞི་རྟེན་ལམ་ལུགས་ འགོ་བཙུགས་མི་དེ་གིས་ སྐྱེད་དེ་ བརྒྱ་ཆ་༡༠.༥ ལུ་ མར་ཕབ་འབད་རུང་ སྐྱིན་འགྲུལ་ལེན་མི་ཚུ་ལུ་ སྐྱིད་སྡུག་མཉམ་མ་ཚུགས་པས་ཟེར་ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ ཞུ་ཡི།
ཁོ་གིས་ སྤྱི་ལོ་༢༠༡༦ ལུ་ དངུལ་སྐྱེད་ཚད་གཞི་ ཉུང་མཐའ་ལམ་ལུགས་ཅིག་ གཞི་བཙུགས་འབད་བའི་འོག་ལུ་ འབྲུག་གི་དངུལ་ཁང་གི་ རང་རྐྱང་སྐྱིན་འགྲུལ་གྱི་སྐྱེད་ བརྒྱ་ཆ་༡༢.༩ དང་ འབྲུག་རྒྱལ་ཡོངས་དངུལ་ཁང་གིས་ གྲོང་གསེབ་ནང་ སོ་ནམ་དང་ སྒོ་ནོར་གོང་འཕེལ་གཏང་ནིའི་དོན་ལུ་ སྐྱེད་བརྒྱ་ཆ་༧.༧ ལུ་ མར་ཕབ་འབད་ནུག་ཟེར་ཞུ་ཡི།
དེ་དང་འཁྲིལ་ཏེ་ དངུལ་འབྲེལ་གཙུག་སྡེ་གཞན་ཚུ་གིས་ སྐྱེད་ཀྱི་ཚད་གཞི་ བརྒྱ་ཆ་༢ དེ་ཅིག་ མར་ཕབ་འབད་ཡོད་རུང་ གྲོང་གསེབ་ཀྱི་ མི་སེར་ཚུ་ལུ་ སྤྱི་ལོ་༢༠༡༧ ལུ་ ལམ་ལུགས་དེ་གིས་ ཁེ་ཕན་མ་བྱུང་མི་ལུ་བརྟེན་ དབང་འཛིན་གྱིས་ སྐྱིན་འགྲུལ་གཙོ་རིམ་ལས་སྡེ་གི་ ལམ་ལུགས་ཅིག་ཡང་ གཞི་བཙུགས་འབད་ནུག་ཟེར་ བློན་པོ་གིས་ ཞུ་ཡི།
ལམ་ལུགས་དེ་ གཙོ་བོ་ར་ གྲོང་གསེབ་གོང་འཕེལ་གཏང་ནི་ལུ་དམིགས་ཏེ་ཨིནམ་ད་ སྐྱེད་ཀྱི་ཚད་གཞི་དེ་ སྐྱེད་བརྒྱ་ཆ་༨.༥ མར་ཕབ་ཐོག་ལས་ ཞབས་ཏོག་ཕུལ་ཡོདཔ་བཞིན་དུ་ གཞུང་གིས་ དངུལ་འབྲེལ་གཙུག་སྡེ་ཚུ་ལུ་ སྐྱེད་ཀྱི་ཚད་གཞི་ མར་ཕབ་འབད་དགོ་པའི་སྐོར་ལས་ སླབ་ནི་ལུ་ དབང་ཚད་མེད་ཟེར་ དངུལ་རྩིས་བློན་པོ་གིས་ ཞུ་ཡི།
ཨིན་རུང་ གཞུང་གིས་ ཐད་ཀར་དུ་ མི་སེར་ཚུ་ལུ་ ཞབས་ཏོག་ཕུལཝ་མ་ཚད་ ད་ལྟོ་ཡོད་མི་ གྲོང་གསེབ་ཚོང་ལས་གོང་འཕེལ་ལྟེ་བ་དེ་ རྒྱ་སྐྱེད་བཏང་སྟེ་ ཚོང་འབྲེལ་བར་མ་དང་ ཆུང་བའི་དངུལ་ཁང་བཟོ་སྟེ་ ཕུལ་འོང་ཟེར་ བློན་པོ་གིས་ ཞུ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

བིའུ་པོནཊ་དང་ ཀྲོང་གསར་རྫོང་གི་བར་ན་ཡོད་མི་ བ་ཟམ་ཉམས་བཅོས་འབད་ནི།

༉ ཀྲོང་གསར་བིའུ་པོནཊ་དང་ ཆོས་རྩེ་རྫོང་གི་བར་ན་ མང་སྡེ་ཆུ་གུ་ཡོད་མི་ བ་ཟམ་དེ་ རྫོང་ཁག་བདག་སྐྱོང་གི་ འགོ་འདྲེན་ཐོག་ ལོག་རྐྱབ་ནི་ཨིན་པས། ད་ལྟོ་ དང་ཕུའི་གཞུང་ལམ་བདའ་སྟེ་ ལམ་འགྲུལ་འབད་བ་ཅིན་ གནས་སྟངས་ལེགས་ཤོམ་ཡོད་མི་དེ་ཡང་ འཕྲལ་ཁམས་ཅིག་ཁར་ གསོ་བའི་ལམ་འགྲུལ་འགོ་འདྲེན་འཐབ་པའི་སྐབས་ རྐང་ལམ་བསལ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *