དངུལ་ཕོགས་ཡར་སེང་གི་ ཁྱད་པར་བཟོ་ ཚུགས་འོང་ག?

༉ དམངས་གཙོའི་གཞུང་ཚར་རེ་དབུ་བརྙེསཔ་ད་ ཞི་གཡོགཔ་དང་ ལས་འཛིན་ གཞུང་དབང་ལས་སྡེ་ཚུ་ནང་ ལཱ་འབད་མི་ཚུ་གིས་ དང་པ་ར་ དངུལ་ཕོགས་དང་ འཐུས་གཞན་ཚུ་ ཡར་སེང་གི་དོན་ལུ་ རེ་བ་བསྐྱེདཔ་བཞིན་དུ་ གཞུང་གི་ཧོངས་ལས་འབད་རུང་ དངུལ་ཕོགས་ཡར་སེང་ལུ་ གཙོ་རིམ་དང་པ་བཟུངམ་ཨིན་མས།
དེ་བཟུམ་མའི་ གཙོ་རིམ་བཟུང་ནི་དེ་ ལམ་ལུགས་བཟུམ་ཅིག་ལུ་ གྱུར་ཡོད་མི་དེ་ཡང་ གཞུང་གི་སྲིད་བྱུས་དང་ འཆར་གཞི་ བྱ་སྒོ་ཚུ་ འཐབ་ནིའི་དོན་ལུ་ ལྷན་ཐབས་འབད་མི་ གཙོ་བོ་ར་ ཞི་གཡོགཔ་ཚུ་འབད་ནི་དེ་གིས་ཨིན་མས།
ད་རེས་ནངས་པར་ རྒྱལ་ཁབ་ནང་ ཞི་གཡོགཔ་༢༩,༠༠༠ ལྷགཔ་ཅིག་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༢༠ རྫོགསཔ་ད་ ཞི་གཡོག་དང་ ལས་འཛིན་ཚུ་ནང་ ལཱ་འབད་མི་ ལས་བྱེད་པའི་གྱངས་ཁ་༤༠,༠༠༠ དེ་ཅིག་ལུ་ ལྷོད་ནི་ཨིནམ་བཞིན་དུ་ ལས་གཡོགཔ་ཚུ་ལུ་ སེམས་ཤུགས་བསྐྱེད་ནི་དང་ དགའ་ཏོག་ཏོ་སྦེ་ བཞག་དགོ་པ་ཅིན་ རང་སོའི་འགན་ཁུར་དང་བསྟུན་པའི་ དངུལ་ཕོགས་དང་ འཐུས་དེ་ཚུ་ སྤྲོད་དགོཔ་དེ་གལ་ཆེ།
འདི་འབདཝ་ལས་ འབྲུག་མཉམ་རུབ་ཚོགས་པའི་གཞུང་གིས་ དུས་ཅི་ སྤྱི་ཟླ་༧ པ་ལས་ ཞི་གཡོགཔ་ཚུ་གི་ དངུལ་ཕོགས་བརྒྱ་ཆ་༡༤ ལས་༣༥ ཚུན་ ཡར་སེང་གནང་ཡོདཔ་མ་ཚད་ སློབ་གྲྭའི་སློབ་དཔོན་དང་ གསོ་བའི་མཁས་མཆོག་དང་ སྨན་པ་ཚུ་གི་ འཐུས་བརྒྱ་ཆ་༣༥ ལས་༥༥ ཚུན་ ཡར་སེང་གནང་ཡི།
དེ་ལས་ ཟླཝ་༥ གི་རྒྱབ་ལས་ རང་སྐྱོང་ལས་འཛིན་དང་ གཞུང་དབང་ལས་སྡེ་ཚུ་གི་ དངུལ་ཕོགས་ཡར་སེང་གི་ གསལ་བསྒྲགས་འབད་མི་དང་བསྟུན་ ད་རེས་ནངས་པར་ ལས་གཡོགཔ་ཚུ་གིས་ རང་སོའི་དངུལ་ཕོགས་གུ་ ཡར་སེང་ག་དེམ་ཅིག་ འོང་ནི་ཨིན་ནའི་ རྩིས་བཏོན་པའི་བསྒང་ཡོད་རུང་ ཡུན་བརྟན་གནས་ཚུགས་པར་ ལཱ་ཁག་བཏང་མི་ གཞུང་དབང་ལས་སྡེ་ལ་ལོ་ཅིག་ལུ་ ཚ་གྱང་ལང་དགོཔ་བྱུང་ནུག།
མ་གཞི་ རྒྱལ་ཁབ་ཀྱི་ དཔལ་འབྱོར་དང་ འཚོ་བའི་གནས་སྟངས་ཀྱི་ ཟད་འགྲོ་ཡར་འཕར་འགྱོ་མི་ལུ་བརྟེན་ ལས་གཡོགཔ་ཚུ་ལུ་ དངུལ་ཕོགས་ཡར་སེང་འབད་ནིའི་ འོས་འབབ་སྦོམ་ཡོདཔ་མ་ཚད་ ཡང་སེང་ངེས་པར་དུ་ ཐོབ་དགོཔ་ཨིན་རུང་ གཞུང་དབང་ལས་སྡེ་དང་ གཞུང་ལུ་ དངུལ་དང་འབྲེལ་བའི་ འབྱེམ་སྦོམ་སྦེ་ ཕོག་ཉེན་ཡོད་མི་དེ་ཡང་ རྒྱལ་ཁམས་ལུ་བརྟེན་སྡོད་མི་ ལས་སྡེ་ཚུ་ལུ་ མ་དངུལ་བྱིན་ནིའི་དོན་ལས་ འོང་འབབ་ཐེབས་བཟོ་དགོཔ་ འཐོན་ནི་ཨིན་མས།
དེ་འབདཝ་ད་ ལས་གཡོགཔ་ཚུ་གི་དོན་ལུ་ དངུལ་ཕོགས་ཡར་སེང་འབད་མི་དེ་གིས་ འཚོ་བའི་གནས་སྟངས་ལུ་ ཁྱད་པར་བཟོ་ཚུགས་འོང་ག?
འབྲུག་གི་ཁྲོམ་སྡེ་ཚུ་ནང་སྡོད་མི་ ལས་གཡོགཔ་ཚུ་ལུ་ གདོང་ལེན་སྦོམ་ཤོས་ར་ ཁང་གླ་མཐོ་དྲགས་མི་ལས་ བྱུང་དོ་ཡོདཔ་ད་ དཔེར་ན་ རྒྱལ་ས་ལྟེ་བ་ ཐིམ་ཕུག་བཟུམ་ཅིག་ནང་ འབད་བ་ཅིན་ ཉལ་ཁང་༢ འབད་མིའི་ ཁང་གླ་དམའ་ཤོས་ར་ དངུལ་ཀྲམ་༡༠,༠༠༠ དེ་རེ་ སྤྲོད་དགོཔ་ཨིན་མས།
ཞི་གཡོགཔ་དང་ ལས་འཛིན་ཚུ་ནང་ ལཱ་འབད་མི་ཚུ་གི་ དངུལ་ཕོགས་ཡར་སེང་ཚར་རེ་འབདཝ་ད་ སྒྲིང་ཁྱིམ་གྱི་ ཇོ་བདག་ཚུ་གིས་ ཁང་གླ་ཡར་སེང་འབད་ནི་དེ་ཡང་ ལམ་ལུགས་བཟུམ་ཅིག་ལུ་ གྱུར་ཡོདཔ་བཞིན་དུ་ དངུལ་ཕོགས་ཡར་སེང་ལུ་བརྟེན་ ཁེ་ཕན་བྱུང་མི་ ཁྱིམ་གྱི་ཇོ་བདག་དང་ ཚོང་ཆས་བཙོང་མི་ཚུ་ཨིན་མས།
དངུལ་ཕོགས་ཡར་སེང་གིས་ ལས་གཡོགཔ་ཚུ་ལུ་ ཕན་ཁྱད་ཡོདཔ་ བཟོ་དགོ་པ་ཅིན་ ཁང་གླ་དང་ སྐྱ་ནམ་གྱི་ གོང་ཚད་ཚུ་ ཡར་སེང་འབད་ནི་ལས་ དམ་འཛིན་དང་ ལྟ་རྟོག་འབད་དགོ།

About admin

Check Also

འབྲུག་རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་གྱིས་ ཨང་༢ པ་ཐོན་ཡོདཔ།

༉ ཁ་ཙ་ ནེ་པཱལ་པོ་ཁ་ར་ལུ་སྦེ་ འབྲུག་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་དང་ ནེ་པཱལ་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་གྱི་ མཐའ་བཅད་འགྲན་བསྡུར་འབདཝ་ད་ འབྲུག་གིས་གཱོལ་༡ དང་ ནེ་པཱལ་གྱིས་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི། རྩེད་འགྲན་འགོ་བཙུགས་ཏེ་ …

Leave a Reply

Your email address will not be published. Required fields are marked *