དངུལ་ཕོགས་ཡར་སེང་གི་དམིགས་དོན།

༉ སྤྱི་ཟླ་༤ པའི་ཚེས་༩ ལུ་ དངུལ་ཕོགས་ལྷན་ཚོགས་ཀྱི་ སྙན་ཞུ་དེ་ མི་མང་ལུ་ གསལ་སྟོན་འབད་བའི་ཤུལ་ལས་ དངུལ་ཕོགས་དང་ འཐུས་ཡར་སེང་གི་ གྲོས་འདེབས་བཀོད་མིའི་གུ་ རྩོད་འགྲན་འདྲ་མ་འདྲཝ་འབད་ནི་ འགོ་བཙུགས་ཏེ་འདུག།
བརྡ་དོན་ཡོངས་འབྲེལ་དང་ གྲོས་གནས་ཀྱི་ཕྱི་ཁར་ གྲོས་བསྡུར་འབད་མིའི་ སྤྱིར་བཏང་བསམ་བཀོད་ཚུ་ལུ་ བལྟ་བ་ཅིན་ དངུལ་ཕོགས་དང་ འཐུས་མངམ་ཡོད་མི་ཚུ་གི་ ཡར་སེང་གྲོས་འདེབས་ལུ་ དོགས་སྣང་དང་ དྲི་བཀོད་འབད་དོ་ཡོད་མི་དེ་ཡང་ དངུལ་ཕོགས་ཡར་སེང་མཐོ་ཤོས་ བརྒྱ་ཆ་༢༩ དང་ དམའ་ཤོས་བརྒྱ་ཆ་༡༤ གི་བར་ན་ ཁྱད་པར་ཡོད་ནི་དེ་གིས་ཨིན་མས།
ད་རུང་ ཁང་གླའི་འཐུས་དང་ འཐུས་གཞན་ལེ་ཤ་ཅིག་ ཡར་སེང་གི་ གྲོས་འདེབས་འབད་མི་ཚུ་ལུ་ཡང་ ངོས་ལེན་ལེགས་ཤོམ་ཅིག་འབད་མི་མིན་འདུག།
མི་ཚུ་གིས་ དངུལ་ཕོགས་ཡར་སེང་དེ་ ག་དེ་སྦེ་ གནང་བ་འགྲུབ་ནི་ཨིན་ནའི་ བྱ་རིམ་ཚུ་ གོ་རྟོགས་འབྱུང་ནི་ འགོ་བཙུགསཔ་དང་འབྲེལ་ གཞུང་གི་ཁ་ཐུག་ལས་ ཡོདཔ་དང་མེད་པའི་བར་ན་ ཁྱད་པར་ཉུང་སུ་བཟོ་ནི་གི་ རེ་བསྐྱེདཔ་ཨིན་མས། མ་གཞི་ མི་མང་ཤོས་ཅིག་ར་ དངུལ་ཕོགས་ལྷན་ཚོགས་ཀྱི་ གྲོས་འདེབས་ལུ་ སེམས་དང་མ་ལྡནམ་ བྱུང་ཡོད་རུང་ སྤྱི་ཚོགས་ནང་ གྲོས་བསྡུར་ཐོག་ ཞི་གཡོགཔ་དང་ སྤྱི་གཡོགཔ་དྲག་ཞན་མེད་པར་ ག་ར་ལུ་ སེམས་ཕམ་མེདཔ་ཅིག་སྦེ་ ཐུགས་ཐག་བཅད་གནང་འོང་ཟེར་ རེ་བ་བསྐྱེདཔ་ཨིན་མས།
ཧེ་མ་བཟུམ་སྦེ་ ད་རིས་ཡང་ དངུལ་ཕོགས་ཡར་སེང་གི་ གྲོས་འདེབས་ཀྱིས་ རྩོད་འགྲན་འབད་ནི་དང་ ཁོང་ཁྲོ་ལང་པའི་ གཞི་གནད་ཅིག་ལུ་ གྱུར་ཡོདཔ་ད་ དེ་གི་ནང་དོན་ཉིད་ལས་ ཡོདཔ་དང་མེད་པའི་བར་ན་ ཁྱད་པར་ཉུང་སུ་བཟོ་ནིའི་ སྲིད་བྱུས་ལུ་ སྐྱོན་བརྗོད་འབདཝ་མ་ཚད་ ལ་ལོ་གིས་ བློན་ཆེན་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ལྷན་རྒྱས་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་གིས་ དངུལ་ཕོགས་དང་ འཐུས་ཡར་སེང་བཞེས་ནི་མི་འོང་ཟེར་ སླབ་མི་ཡང་འདུག།
དངུལ་ཡར་སེང་དང་ བསྒྱུར་བཅོས་ག་ཅི་ནང་ར་འབད་རུང་ རྣམ་དག་སྦེ་ འགྱོ་མི་བཏུབ་ནི་དང་ མི་ག་ར་ སེམས་དགའ་ཚུགསཔ་ བཟོ་ནི་གི་ འོས་འབབ་མེད།
དེ་སྦེ་ཨིན་པ་ཅིན་ གོ་གནས་ཀྱི་ རིམ་པ་དང་ འགན་ཁུར་ཚུ་གི་ཁྱད་པར་ བཞག་དགོ་མིའི་ གནད་ཁུངས་ག་ཅི་ཨིན་ན? ཞི་གཡོག་དང་ ཡང་ཅིན་ མི་མང་ལས་འཛིན་ཚུ་ནང་ ལས་སྡེའི་ལམ་ལུགས་ཚུ་ ག་ཅི་སྦེ་ དགོཔ་ཨིན་ན?
དངུལ་ཕོགས་དང་ འཐུས་དེ་ཚུ་ གོ་གནས་དང་ འགན་ཁུར་ཚུ་དང་འཁྲིལ་ཏེ་ བཟོ་ཡོདཔ་མ་གཏོགས་ ངོ་རྐྱང་ཚུ་ལུ་ གཞི་བཞག་སྟེ་ བཟོ་བཟོཝ་མེནམ་ལས་ རང་བཞིན་གྱིས་ར་ དངུལ་ཕོགས་མཐོ་དམན་ཀྱི་ ཁྱད་པར་འཐོན་འོང་།
འདི་འབདཝ་ལས་ དངུལ་ཕོགས་ལྷན་ཚོགས་༤ པ་གིས་ དངུལ་ཕོགས་དང་ འཐུས་དེ་ཚུ་ ཡར་སེང་གི་ གྲོས་འདེབས་བཀོདཔ་ད་ ལས་གཡོག་པའི་ ཆུང་རིམ་སྡེ་ཚན་གྱི་ མཐའ་དོན་ཚུ་ ཐུགས་ཁར་བསྣམས་ཡོདཔ་ད་ དེ་གི་ནང་དོན་ཉིད་ལས་ ད་རེས་ གྲོས་འདེབས་བཀོད་མི་དེ་གིས་ དགོངས་ཞུ་འགྱོ་མི་ ཞི་གཡོགཔ་དང་ སྤྱི་གཡོགཔ་ཚུ་ལུ་ ཕན་ཐོགས་སྦོམ་འབྱུང་ནི་ཨིན་མི་དེ་ཡང་ དགོངས་ཞུའི་ཐོབ་ལམ་ཚུ་ ཉེན་སྲུང་དང་ལྡནམ་འོང་ནི་ཨིནམ་ལས་ གཞན་ཚུ་གིས་ ག་དེ་སྦེ་ར་ ཁ་བཏང་སྟེ་འབད་རུང་ དགོངས་ཞུ་འགྱོ་རན་མི་ཚུ་ སེམས་དགའ་དགོ་པའི་ གཞི་ཁུངས་སྦོམ་འདུག།
ང་བཅས་ཀྱིས་ གཞི་རིམ་ལས་བྱེདཔ་ཚུ་གི་ དངུལ་ཕོགས་དང་ སྲིད་དོན་པ་ཚུ་དང་ ཁྱད་པར་སྒྱིག་བལྟ་ནི་དེ་ འོས་ལྡན་དང་ རྣམ་དག་ཅིག་ མི་མཐོང་མི་དེ་ཡང་ བཙག་འཐུ་གྲུབ་མི་ འཐུས་མི་ཚུ་ རང་སོའི་གོ་གནས་ལེགས་ཤོམ་ཡོད་མི་དེ་ བཤོལ་བཞག་ཐོག་ ཉེན་ཁ་འབག་སྟེ་ བཙག་འཐུ་ནང་ བཅའ་མར་གཏོགས་མི་ལུ་བརྟེན་ཨིན།
དངུལ་ཕོགས་དང་ འཐུས་དེ་ཚུ་ ཡར་སེང་གི་ གྲོས་འདེབས་གུ་ གཞི་བཞག་སྟེ་ འཕྲལ་མགྱོགས་ར་ གྲོས་ཐག་བཅད་ནི་ཨིན་རུང་ ང་བཅས་ཀྱི་ སེམས་ཁར་བཞག་དགོཔ་ ག་ཅི་ཡོདཔ་སྨོ་ཟེར་བ་ཅིན་ དངུལ་ཕོགས་ཡར་སེང་འབད་བའི་ཤུལ་ལུ་ མནོ་བསམ་གཏང་དགོཔ་ ག་ཅི་ཡོདཔ་ཨིན་ན? དངུལ་ཕོགས་ཡར་སེང་དེ་ འགོ་བཙུགསཔ་ཅིག་ར་ཨིནམ་ལས་ དེ་གིས་ གཞུང་གི་ལས་འབྲེལ་དང་ སྤྱི་གཡོགཔ་ཚུ་གི་ ལས་འབྲེལ་གྲུབ་འབྲས་ཚུ་ལུ་ ཕན་ནུས་ཡོདཔ་བཟོ་དགོ།

About admin

Check Also

རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ ལྷབ་སྦྱང་འབད་དོ་ཡོདཔ།

༉ བཀྲིས་སྒང་ རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ སློབ་གྲྭའི་ཆོས་ཚན་རྐྱངམ་གཅིག་གིས་མ་ཚད་པར་ ཆོས་ཕྱོགས་ཀྱི་ལས་རིམ་ནང་ བཅའ་མར་གཏོགས་ཏེ་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ཡང་ ལྷབ་སྦྱང་འབད་དོ་ཡོདཔ་ཨིན་པས། དེ་ཡང་ སློབ་ཕྲུག་སྡེ་ཚན་ཅིག་གིས་ དྲོ་པ་ཨ་རྟག་ར་ ཆུ་ཚོད་༥ ལས་ …

Leave a Reply

Your email address will not be published. Required fields are marked *