དངུལ་ཐོག་ཨ་ལཱན་ཅི།

དངུལ་ཐོག་ཨ་ལཱན་ཅི་ ཕྱིར་ཚོང་འཐབ་མ་ཚུགས་པར་ ལུས་ཡོདཔ།

༉ རྒྱ་གར་ལུ་ ཨ་ལཱན་ཅི་ཕྱིར་ཚོང་འཐབ་ནི་ བཀག་ཆ་འབད་དོ་ཡོད་རུང་ འབྲེལ་ཡོད་ཡིག་ཚང་ཚུ་གིས་ དཀའ་ངལ་སེལ་ཐབས་འབད་ནིའི་དོན་ལུ་ རྒྱ་གཞུང་དང་གཅིག་ཁར་ གྲོས་བསྟུན་འབད་མ་ཚུགས་པར་ ཡོདཔ་ཨིན་པས།
ཕུན་ཚོགས་གླིང་དང་ ཨ་ལཱན་ཅིའི་ ཚོང་འབྲེལ་འཐབ་སའི་ ས་ཁོངས་གཞན་ཚུ་ནང་ ཨ་ལཱན་ཅི་ཕྱིར་ཚོང་འཐབ་མི་ཚུ་གིས་ ལེན་མ་བཏུབ་པའི་ ཚ་གྱང་ལུ་བརྟེན་ གནས་སྟངས་དེ་གིས་ ཧེང་སྐལ་ར་ སོ་ནམ་པ་ཚུ་གི་དངུལ་ཐོག་དེ་ གོང་ཚད་ཉུང་སུ་ཅིག་ལས་ མི་འཐོབ་དོ་འོང་ཟེར་བའི་ འཐོར་གཏམ་ཚུ་ དར་ཁྱབ་སོང་ཡོདཔ་ཨིན་པས།
ད་རེས་ ཕུན་ཚོགས་གླིང་ལུ་ ཨ་ལཱན་ཅི་ཀེ་ཇེ་རི་གིས་ གོང་ཚད་དངུལ་ཀྲམ་༤༥༠ རེ་ ཐོབ་དོ་ཡོདཔ་ད་ འབྲུག་ཟ་ཆས་དང་ཁྲིམས་དོན་དབང་འཛིན་གྱིས་ བསྟན་རྒྱས་ལྷན་ཁག་གི་ འགོ་དཔོན་ཚུ་དང་གཅིག་ཁར་ དཀའ་ངལ་སེལ་ཐབས་འབད་ནིའི་དོན་ལུ་ རྒྱ་གར་གྱི་ འབྲེལ་ཡོད་ཡིག་ཚང་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་བར་ འགྱོ་ནི་ཨིན་ཟེར་སླབ་ཡོད་རུང་ ད་ལྟོ་ཡང་ འགྱོ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ གནད་དོན་དེ་ལུ་ གཙོ་རིམ་བཟུང་དོ་ཟེར་ཨིན་པའི་ཁར་ དཀའ་ངལ་དེ་ཡང་ སྤྱི་ལོ་༢༠༡༧ ལུ་ རྒྱ་གར་ལུ་ ཅ་ཆས་དང་ཞབས་ཏོག་ཁྲལ་ འགོ་བཙུགས་པའི་ཤུལ་ལས་ ས་མཚམས་ས་ཁོངས་ཚུ་ནང་ཡོད་མི་ ཅ་ནམ་ཡིག་ཚང་ཚུ་གིས་ རྒྱ་གར་གྱི་ སྔོ་ལྗང་དང་ཟུར་བརྟག་ཞབས་ཏོག་ཡིག་ཚང་ལས་ ཆོག་ཐམ་དགོཔ་སྦེ་ཡོད་མི་དེ་ འབྲུག་པའི་ཕྱིར་ཚོང་འཐབ་མི་ཚུ་གིས་ བཏོན་མི་ཚུགས་དོ་ཡོདཔ་ཨིན་པས།
ཀཱོལ་ཀ་ཊ་ལུ་ཡོད་མི་ ལུང་ཕྱོགས་ཅ་ནམ་ཡིག་ཚང་གིས་ ཆོག་ཐམ་དེ་ བྱིན་མི་བཏུབ་དོ་ཡོད་པའི་ཁར་ འབྲུག་ཟ་ཆས་དང་ཁྲིམས་དོན་དབང་འཛིན་གྱིས་བྱིན་མི་ ཆོག་ཐམ་དེ་ ཁོང་གིས་ ངོས་འཛིན་འབད་མ་བཏུབ་ཨིན་པས།
འབྲུག་ཕྱིར་ཚོང་མཐུན་ཚོགས་དང་ ཕྱིར་ཚོང་པ་ཚུ་གིས་ གནད་དོན་དེའི་སྐོར་ལས་ ཚར་ལེ་ཤ་ཅིག་ར་ གྲོས་འཛོམས་ཚུ་ནང་ གསལ་བཤད་འབད་ཡོད་རུང་ དཀའ་ངལ་དེ་ བསལ་མ་ཚུགས་པའི་ཁར་ ཇའི་སྒང་ལས་ ཕྱིར་ཚོང་འཐབ་ནི་ བཀག་ཆ་འབད་རུང་ ཕྱིར་ཚོང་པ་ཚུ་གིས་ བསམ་རྩེ་ཅ་མུར་ཅི་ལས་ ཕྱིར་ཚོང་འཐབ་དོ་ཡོད་མི་དེ་ཡང་ བཀག་ཆ་འབད་ཡོདཔ་ཨིན་པས།
སོ་ནམ་ཚོང་འབྲེལ་ལས་ཁུངས་དང་ མཉམ་ལས་ལས་ཁུངས་ཀྱིས་ སྤྱི་ལོ་༢༠༡༧ གྱི་ཟླཝ་༨ པའི་ནང་ ཨེ་ལཱན་ཅིའི་སྐོར་ལས་ ཞིབ་འཚོལ་འབད་བའི་སྐབས་ འབྲུག་ཟ་ཆས་དང་ཁྲིམས་དོན་དབང་འཛིན་གྱི་ ལག་ཁྱེར་དེ་ ཇའི་སྒང་ལུ་ ངོས་ལེན་མིན་འདུག་ཟེར་ བཀོད་ཡོདཔ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༠ ལུ་ ཨ་ལཱན་ཅི་ མེ་ཊིག་ཊཱོན་༡,༡༦༣ ཐོན་སྐྱེད་འབད་མི་དེ་ སྤྱི་ལོ་༢༠༡༦ ལུ་ མེ་ཊིག་ཊཱོན་༢,༧༣༦ ཐོན་སྐྱེད་འབད་མི་དེ་ ལོག་ལྟབ་ཀྱི་རྩིས་ཨིན་པས།
ཞིབ་འཚོལ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༠ ལས་ སྤྱི་ལོ་༢༠༡༥ ལུ་ བང་ལ་དེཤ་ལུ་ ཕྱིར་བཙོང་འབད་མི་དེ་ རྒྱ་གར་དང་ཕྱདཔ་ད་ མཐོ་ཤོས་ཡོད་རུང་ སྤྱི་ལོ་༢༠༡༥ དང་༢༠༡༦ ལུ་ རྒྱ་གར་ལུ་ཡང་ ཚོང་འབྲེལ་ཡར་སེང་སོང་ནུག་ཟེར་བཀོད་ནུག།
ཕུན་ཚོགས་གླིང་ལུ་ཡོད་མི་ འབྲུག་ཕྱིར་ཚོང་ཚོང་འབྲེལ་དང་ ཨར་ ཨེསི་ཨེ་ དེ་ལས་ བསོན་ནམས་ཡན་ཅུ་སྒེར་སྡེ་ཚད་ཀྱིས་ ཨ་ལན་ཅའི་ཕྱིར་ཚོང་ མང་སུ་འཐབ་དོ་ཡོདཔ་ཨིན་པས།
ཨར་ཨེསི་ཨེ་གིས་ བང་ལ་དེཤ་ལུ་ མེ་ཊིག་ཊཱོན་༥༣༠ ཕྱིར་ཚོང་འཐབ་ཡོདཔ་ད་ ཨེསི་ཝའི་པི་ཨེལ་ལས་སྡེ་གིས་ མེ་ཊིག་ཊཱོན་༡༡༤ ཕྱིར་ཚོང་འཐབ་ཡོདཔ་ད་ གསོག་འཇོག་ནང་མེ་ཊིག་ཊོན་༢ དེ་ཅིག་ ཡོདཔ་ཨིན་པས།
འབྲུག་ཟ་ཆས་དང་ཁྲིམས་དོན་དབང་འཛིན་གྱི་ ཐོ་དང་འཁྲིལཝ་ད་ ཕྱིར་ཚོང་འཐབ་མི་ལས་ བརྒྱ་ཆ་༦༠ བང་ལ་དེཤ་ལུ་འབད་ནུག་ཟེར་ཨིནམ་ད་ བརྒྱ་ཆ་༧༥ དེ་ཅིག་ རྒྱ་གར་ལུ་འབད་བའི་ ཐོ་ཡོདཔ་ཨིན་པས།
བསམ་རྩེ་ལས་བཀྲམ་སྤེལ་འབད་མི་ ཤི་བ་རཱཇ་ ག་ལེ་གིས་ སླབ་མིའི་ནང་ ཁོ་གིས་ དངུལ་ཐོག་དེ་ ཉོ་ནི་ལས་ བཀག་ཆ་འབད་མི་དེ་ཡང་ ཧེ་མ་ལས་ གསོག་འཇོག་ནང་ཡོད་ཟེར་ཨིན་པས།
ཁོ་ལུ་ ཕད་ཙེ་༨༠ དེ་ཅིག་ཡོད་པའི་ཁར་ ཕད་ཙེ་རེ་གིས་ ཀེ་ཇི་༤༠ དེ་རེ་ ཐོན་དོ་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ བསམ་རྩེ་ལུ་ དངུལ་ཐོག་ཐོན་སྐྱེད་འབད་མི་ བརྒྱ་ཆ་༧༥ དེ་ཅིག་གིས་ རང་སོའི་ཁྱིམ་ནང་ བཞག་སྟེ་འོང་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ འབྲུག་པའི་ཕྱིར་ཚོང་འཐབ་མི་ཚུ་གིས་ ཡིག་ཆ་དེ་ཚུ་ ཐོབ་མ་ཚུགསཔ་ལས་ ཚུལ་མིན་ཐོག་ལས་ ཕྱིར་ཚོང་འཐབ་ནི་དེ་གིས་ གོང་ཚད་ལུ་ ཐོ་ཕོག་སྟེ་ཡོད་ཟེར་ཨིན་པས།
འབྲུག་ཕྱིར་ཚོང་མཐུན་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ ཚེ་རིང་ཡེ་ཤེས་ཀྱིས་ སླབ་མིའི་ནང་ གནད་དོན་དེའི་སྐོར་ལས་ བསྟན་རྒྱས་ལྷན་ཁག་ལུ་ ཡི་གུ་བཙུགས་ཏེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

ར་ཇེས་རའེ་དང་ པདྨ་རིན་འཛིན།

 

About admin

Check Also

ནད་གཞི་ཀེན་སར་འཛིན་སྐྱོང་གི་ ཐབས་ལམ་གཅིག་མཚུངས་ བཟོ་དགོ་པའི་ཞུ་བསྐུལ།

༉ འབྲུག་རྒྱལ་ཁབ་ནང་ ནད་གཞི་ཀེན་སར་ཚུ་གི་གྲས་ལས་ ཕོཝ་གི་ཀེན་སར་དེ་ ཁྱབ་ཆེ་དྲགས་ཡོད་པའི་ ངོས་འཛིན་བྱུང་ཡི་ཟེར་ ཀེན་སར་ཚོགས་སྡེ་གིས་ བཀོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་༡༢ པའི་ཚེས་༡༤ ལུ་ ཤར་ལྷོ་ཨེ་ཤི་ཡ་ སཱག་ལུང་ཕྱོགས་ཀྱི་ རྒྱལ་སྤྱི་ཀེན་སེར་ཞལ་འཛོམས་ …

Leave a Reply

Your email address will not be published. Required fields are marked *