དོམ་ཕུག་གཡུས་ཚན་ནང་ སོ་ནམ་པ་ བློ་བཟང་དོན་གྲུབ་ཀྱིས་ ས་སྒ་བརྐོ་བལྟ་བའི་བསྒང་།

དངུལ་ཐོག་ས་སྒ་རུལ་མི་ལུ་བརྟེན་ སོ་ནམ་པ་ཚུ་ ཚ་གྱང་ལང་ཡོདཔ།

༉ ད་རེས་ནངས་པར་ བསམ་གྲུབ་ལྗོངས་མཁར་ལུ་ ས་སྒའི་གོང་ཚད་ལེགས་ཤོམ་ཐོབ་པའི་ ནམ་དུས་ལུ་ རུལ་ནད་ཅིག་ལུ་བརྟེན་ ས་སྒ་ཚུ་ ཤི་དོ་ཡོདཔ་ལས་ སོ་ནམ་པ་ཚུ་ ཚ་གྱང་ལང་ནུག།
བདེ་བ་ཐང་རྒེད་འོག་ནང་ ས་སྒ་ཨེ་ཀར་༥ ལྷགཔ་ཅིག་ལུ་ ངོས་འཛིན་འབད་མ་ཚུགས་པའི་ ནད་འབུབ་ཀྱིས་ གནོད་སྐྱོན་རྐྱབ་ཡོདཔ་ད་ ས་སྒ་ཚུ་ ནད་ཟུན་པའི་སྐབས་ འདབ་མ་སེརཔ་ཐལཝ་མ་ཚད་ ར་ཏོ་ཚུ་ནང་ འབུབ་མཐོངམ་ཨིན་པས།
རི་ཁེ་ལས་ སོ་ནམ་པ་ རིག་འཛིན་གྱིས་ དུས་ཅི་ སློབ་གྲྭའི་ནང་འགྱོ་མི་ སློབ་ཕྲུག་ཚུ་གི་ ཟད་འགྲོའི་དོན་ལུ་ ས་སྒ་ཚོང་འབྲེལ་འཐབ་ནི་དེ་ ཁག་ཆེཝ་ལས་ དངུལ་ཀྲམ་འབུམ་༡ དེ་ཅིག་ ཟད་འགྲོ་བཏང་ཐོགལས་ ས་ཨེ་ཀར་༢ ནང་ ས་སྒ་ཀེ་ཇི་༡,༠༠༠ དེ་ཅིག་ འཛུགས་སྐྱོང་འབད་ཡི་ཟེར་བཤདཔ་ཨིན་པས།
མོ་གིས་ སླབ་མིའི་ནང་ རུལ་ནད་ལུ་བརྟེན་ ས་སྒ་བརྒྱ་ཆ་༥༠ དེ་ཅིག་ གནོད་སྐྱོན་རྐྱབ་ཡོདཔ་བཞིན་དུ་ ས་སྒ་དེ་ དངུལ་ཐོག་ངོ་མ་ཅིག་ཨིནམ་ལས་ ཨ་ལོ་ཚུ་གི་ སློབ་གྲྭའི་ཟད་འགྲོ་དང་ ཕམ་སྤུན་ཆ་ཚུ་གི་ འཚོ་སྐྱོང་ག་དེ་སྦེ་ འཐབ་ནི་ཨིན་ན་ ད་ལྟོ་ལས་ར་ ཚ་གྱང་ལང་སྟེ་ཡོད་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ས་སྒའི་འདབ་མ་ཚུ་ སེརཔ་ཐལ་ ར་ཏོ་ཚུ་ཡང་ འབུབ་ཀྱིས་ཟུན་ཏེ་ རུལ་བའི་ཤུལ་ལུ་ འགྲོས་ཀྱིས་སྦེ་ སྐམ་འགྱོཝ་མ་ཚད་ ཁྱབ་སྤེལ་ཡང་ འགྱོཝ་མས་ཟེར་ཨིན་པས།
རུལ་ནད་ཀྱིས་ སོ་ནམ་པ་གཞན་ཚུ་གི་ ས་སྒ་ཚུ་ལུ་ཡང་ གནོད་སྐྱོན་རྐྱབ་ཡོདཔ་ད་ དུས་ཅི་ བསམ་གྲུབ་ལྗོངས་མཁར་གྱི་ རིན་བསྡུར་ཁང་ནང་ ས་སྒ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༨༠ དང་༨༥ གི་བར་ན་ ཐོབ་ཡོདཔ་ལས་ སོ་ནམ་པ་ཚུ་གིས་ ཟད་འགྲོ་ཐེབས་བཏང་ཐོག་ལས་ ས་སྒ་རྒྱ་ཆེ་དྲགས་སྦེ་ འཛུགས་སྐྱོང་འབད་ཡོདཔ་ཨིན་པས།
དོམ་ཕུག་ལས་ སོ་ནམ་པ་ བློ་བཟང་དོན་གྲུབ་ཀྱིས་ སླབ་མིའི་ནང་ ཟད་འགྲོ་དངུལ་ཀྲམ་༤༥,༠༠༠ དེ་ཅིག་བཏང་སྟེ་ ས་ཆ་ཡང་ རྒྱ་སྐྱེད་འབད་དེ་ ས་སྒ་འཛུགས་སྐྱོང་འབད་ཡོདཔ་བཞིན་དུ་ ད་རེས་ ས་སྒ་ཚུ་ལུ་ ནད་གཞི་ཐོབ་མི་དེ་ འགོ་དང་པ་ཨིནམ་ལས་ ག་ཅི་ལུ་བརྟེན་ ནད་འབུབ་ཟུན་ཡོདཔ་ཨིན་ན་ ཧ་མི་གོ་བས་ཟེར་ཨིན་པས།
ཁོ་གི་བཟའ་ཚང་དེ་ ས་སྒ་ལུ་བརྟེན་ འཚོ་སྐྱོང་འཐབ་དོ་ཡོདཔ་བཞིན་དུ་ ད་རེས་ ས་སྒ་ཚུ་ ཤི་ཚར་ཡོདཔ་མ་ཚད་ ནད་གཞི་དེ་ཡང་ ཁྱབ་སྤེལ་འགྱོ་དོ་ཡོད་མི་ལུ་བརྟེན་ ཚ་གྱང་ལང་སྟེ་ ཡོད་ཟེར་ཨིན་པས།
ས་སྒ་ཚུ་ལུ་ རུལ་ནད་ཟུན་ཏེ་ ཟླཝ་ལང་དོ་ཡོདཔ་ད་ ནད་གཞི་དེ་ལུ་བརྟེན་ ས་སྒོ་ཚུ་རུལ་ཏེ་ ཤི་དོ་ཡོད་པའི་ ཤེས་རྟོགས་བྱུང་ཡོད་རུང་ སོ་ནམ་པ་ཚུ་གིས་ ཁྱབ་སྤེལ་འགྱོ་ནི་ལས་ བཀག་འཛིན་འབད་ཚུགས་པའི རེ་བ་བསྐྱེད་དེ་ རྒེད་འོག་སོ་ནམ་འགོ་དཔོན་ཚུ་ལུ་ སྙན་ཞུ་མ་འབདཝ་ཨིན་པས།
བདེ་བ་ཐང་རྒེད་འོག་གི་ སོ་ནམ་རྒྱ་སྐྱེད་འགོ་དཔོན་ ལུང་བསྟན་གྱིས་ སླབ་མིའི་ནང་ ནད་གཞི་དེ་གིས་ གནོད་སྐྱོན་རྐྱབ་སའི་ ས་ཁོངས་ཚུ་ནང་སོང་སྟེ་ ཞིབ་དཔྱད་འབད་དེ་ རྩིས་ཐོ་ཚུ་ བཏོན་ཞིནམ་ལས་ རྫོང་ཁག་སོ་ནམ་ཡིག་ཚང་ནང་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ནད་གཞི་དེ་ ས་སྒའི་ར་ཏོ་ རུལ་མི་དེ་ཨིན་རུང་ ག་ཅི་ལུ་བརྟེན་ ཐོབ་ཡོདཔ་ཨིན་ན་ སླབ་མི་ཤེས་པས་ཟེར་ཨིནམ་ད་ སོ་ནམ་པ་ཚུ་གིས་ ནད་གཞི་ཟུན་ཡོད་མི་ སོན་རིགས་ཚུ་ འཛུགས་སྐྱོང་འབད་ཡོད་པའི་ དོགས་པ་ཡོདཔ་བཞིན་དུ་ ཁོང་གིས་ དུས་ཚོད་ཁར་ སྙན་ཞུ་འབད་ཡོད་པ་ཅིན་ ཁྱབ་སྤེལ་འགྱོ་ནི་ལས་ བཀག་འཛིན་འབད་ཚུགས་ཚུགསཔ་འོང་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་གྱི་ རིན་བསྡུར་ཁང་ནང་ ས་སྒ་ཉོ་མི་ རྒྱ་གར་གྱི་ མི་ངོ་ཚུ་གིས་ ས་སྒ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༧༠ དང་༨༠ དེ་ཅིག་ བྱིན་དོ་ཡོདཔ་བཞིན་དུ་ འདས་པའི་ལོ་ནང་ ས་སྒ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༥ དང་༣༠ དེ་ཅིག་ལས་ ཐོབ་མ་ཚུགསཔ་ཨིན་པས།
བདེ་བ་ཐང་རྒེད་འོག་གི་ སོ་ནམ་པ་ཚུ་གིས་ ལོ་༡ ནང་ ས་སྒ་ཚར་༢ དེ་ཅིག་ འཛུགས་སྐྱོང་འབད་དོ་ཡོདཔ་ད་ ས་སྒ་ཐེངས་དང་པ་དེ་ སྤྱི་ཟླ་༤ པ་ལས་༦ པ་ཚུན་དང་ ཐེངས་༢ པ་དེ་ སྤྱི་ཟླ་༡༡ པ་ལས་ སྤྱི་ཟླ་༡ པ་ཚུན་ ཞིང་ནང་ལས་ བསྡུ་དོ་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

 

About admin

Check Also

ཁྲིམས་སྲུང་འགག་པ་གིས་ ཆ་རོགས་ཅིག་ལུ་ གྱི་གསོབ་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༢༢ ལུ་ སྐྱེས་ལོ་༢༠ ལང་མི་ ཁྲིམས་སྲུང་འགག་པ་གིས་ ཕུན་ཚོགས་གླིང་ལས་ སྐྱེས་ལོ་༢༣ ལང་མི་ ཁྲིམས་སྲུང་འགག་པ་ཅིག་ལུ་ གྱི་གསོབ་པའི་ཤུལ་ལས་ སྨན་ཁང་ནང་ འབག་འགྱོ་བའི་ལམ་ཁར་ ཤི་སོཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *