དུང་ལ་སྒང་ལུ་ ཨ་མིར་རའི་གིས་ ས་ནང་ཨ་པཱལ་འཛུགས་སྐྱོང་འབད་སར་ རྫོང་ཁག་དང་ རྒེད་འོག་འགོ་དཔོན་ཚུ་ སྤུངས་འཛོམས་འབད་བའི་བསྒང་།

དངུལ་ཐོག་གསརཔ་ཅིག་ཨིན་མི་ ས་ནང་ཨེ་པཱལ་གྱི་ འོས་འབབ་ལེགས་ལྡན།

༉ སོ་ནམ་གྱི་ ལཱ་ཚུ་ལུ་ ཚོང་འབྲེལ་གྱི་ འོས་འབབ་ལེ་ཤ་ཡོདཔ་ལས་ འཚོ་སྐྱོང་གི་དོན་ལུ་ ཡིག་ཚང་གི་ ལཱ་འབད་དགོཔ་མེདཔ་ཨིན་པས།
དཔེ་འབད་བ་ཅིན་ སྐྱེས་ལོ་༣༠ ལང་མི་ ཕོ་སྐྱེ་ཅིག་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་བའི་ཤུལ་ལུ་ སོ་ནམ་པ་ལུ་ གྱུར་མི་ལས་ ཤེས་རྟོགས་བྱུངམ་ཨིན་པས།
དེ་ཡང་ སོ་ནམ་པ་ ཨ་མིར་རའི་གིས་ སྤྱི་ལོ་༢༠༡༢ ལུ་ རྒྱ་གར་བེང་ག་ལོར་ལས་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་བའི་ཤུལ་ལས་ ལཱ་གཡོག་འཚོལ་བར་ ཁྲོམ་སྡེ་ནང་མེན་པར་ ཁོ་རའི་གཡུས་ཁར་ ལོག་འོང་ནིའི་ གདམ་ཁ་རྐྱབ་ནུག།
ལོ་༥ དེ་ཅིག་གི་ཧེ་མར་ ཨ་མིར་རའི་དེ་ རྩི་རང་དུང་ལ་སྒང་རྒེད་འོག་ གདང་རས་སྦོ་སྟོད་གཡུས་ཚན་ནང་ ལོག་འོང་སྟེ་ སོ་ནམ་གྱི་ ལཱ་འབད་ནི་ འགོ་བཙུགས་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ ཁོ་རའི་ཨ་པ་དེ་ སོ་ནམ་གྱི་ ལཱ་འབད་ཡོདཔ་མ་ཚད་ ཁོ་ར་ ཆུང་ཀུའི་བསྒང་ལས་ར་ སོ་ནམ་གྱི་ལཱ་ལུ་ སྤྲོ་བ་ཡོད་མི་ལུ་བརྟེན་ གཡུས་ཁར་སྡོད་ནི་སྦེ་ ཐག་བཅད་ཅི་ཟེར་ཨིན་པས།
སོ་ནམ་ལུ་ གོ་སྐབས་ཚད་མེད་ཡོདཔ་སྦེ་སླབ་མི་ ཨ་མིར་རའི་གིས་ དང་པ་ར་ ལོ་ཐོག་ཀེ་བ་བཟུམ་སྦེ་ ས་སྤུངས་ཏེ་བཙུགས་མི་ གར་འུནཌ་ཨེ་པཱལ་གྱི་ ལཱ་འབད་དེ་ ལོ་༣ དེ་ཅིག་ ལང་ཡོདཔ་ད་ ན་ཧིང་ ཁོ་གི་ས་ཞིང་ནང་ལས་ ས་ནང་ཨེ་པཱལ་ཀེ་ཇི་༣༠༠ ཐོན་སྐྱེད་འབད་ནུག།
ཐིམ་ཕུག་འོད་གསལ་སྤང་ལུ་ཡོད་མི་ སོ་ནམ་མཁས་མཆོག་ཚུ་གིས་ ས་ནང་ཨེ་པཱལ་དེ་ ཡུ་སི་ཡ་ཀཱོན་(yusi-yacon) ཟེར་ མིང་བཏགས་ཡོདཔ་ད་ ཨ་མིར་རའི་གིས་འབད་བ་ཅིན་ ས་ནང་ཨེ་པཱལ་འཛུགས་སྐྱོང་འབད་ནི་ལུ་ ལཱ་གངམ་འབད་དགོཔ་ མེད་པའི་ཁར་ ར་ཏོ་ཅིག་ལས་ ཐོན་ཤུགས་ཉུང་མཐའ་ ཀེ་ཇི་༢ རེ་ ཐོནམ་མས་ཟེར་ཨིན་པས།
རྩི་རང་རྫོང་བདག་ པདྨ་གིས་ སོ་ནམ་པ་ཚུ་ལུ་ ཡུ་སི་ཡ་ཀཱོན་ འཛུགས་སྐྱོང་འབད་ནི་ལུ་ བརྩོན་ཤུགས་བསྐྱེདཔ་དང་འབྲེལ་ སླབ་མིའི་ནང་ སོ་ནམ་པ་ཚུ་གིས་ ཐོན་སྐྱེད་བཙོང་མ་ཚུགས་པའི་ ཚ་གྱང་ལང་དགོཔ་ མེད་མི་དེ་ཡང་ ཐོན་སྐྱེད་དེ་ ཞིམ་ཏོག་ཏོ་ཡོད་མི་གིས་མ་དོ་བར་ སྨན་གྱི་ནུས་པ་ལེ་ཤ་ ཡོད་ཟེར་ཨིན་པས།
འདི་བཟུམ་མའི་ ལོ་ཐོག་དེ་གིས་ མི་སེར་ཚུ་གི་ མི་ཚེ་གནས་སྟངས་ ཡར་དྲག་གཏང་ཚུགས་པའི་ ཕན་ཁྱད་ཡོད་ཟེར་ རྫོང་བདག་པདྨ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ས་ནང་ཨེ་པཱལ་གྱིས་ ཟས་བཞུ་ནི་དང་ ཁྲག་ཉུང་མི་ གུ་རམ་གྱི་ ནད་ཐོབ་མི་ དེ་ལས་ ཁྲག་ཤུགས་མར་ཕབ་འབད་ནི་ལུ་ ཕནམ་མ་ཚད་ ཟས་བཅུད་ཚུ་ཡང་ ཐོབ་ཨིན་ཟེར་ཨིན་པས།
ཐོན་སྐྱེད་དེ་གི་ འདབ་མ་ཚུ་ཡང་ ལག་ལེན་འཐབ་ཚུགས་ནི་ཨིནམ་ལས་ ཕྱིར་ཚོང་འཐབ་ཚུགས་པའི་ འོས་འབབ་ཡོད་ཟེར་ རྫོང་བདག་གིས་ བཤདཔ་ཨིན་པས།
རྫོང་ཁག་སོ་ནམ་འགོ་དཔོན་ རྡོ་རྗེ་རྒྱལ་མཚན་གྱིས་ སླབ་མིའི་ནང་ ད་རེས་ནངས་པར་ གཡུས་ཚན་ནང་ ལས་མི་ལངམ་མེདཔ་མ་ཚད་ ཡོད་མི་ཚུ་ཡང་ སོ་ནམ་གྱི་ ལས་སྣ་གཞན་ཚུ་ནང་ འབྲེལ་འཛིན་འབད་དེ་ འདུག་ཟེར་ཨིནམ་ད་ ས་ནང་ཨེ་པཱལ་དེ་ལུ་ ལཱ་ཤུགས་འབད་མ་དགོཔ་ལས་ འོང་འབབ་འཇམ་ཏོང་ཏོ་སྦེ་ བཟོ་ཚུགས་པས་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་གཞན་ཚུ་ལུ་ གནོདཔ་བཀལཝ་ཨིན་རུང་ ས་ནང་ཨེ་པཱལ་དེ་ འཛུགས་སྐྱོང་འབད་བ་ཅིན་ ཐོན་སྐྱེད་ཧྲིལ་བུ་སྦེ་ བསྡུ་ཚུགསཔ་མ་ཚད་ ལོ་ཐོག་གཞན་བཟུམ་སྦེ་ ཆུ་མི་དགོ་ཟེར་ཨིན་པས།
ས་ནང་ཨེ་པཱལ་ར་ཏོ་ ཕུད་རྡོག་གཅིག་གིས་ ཐོན་ཤུགས་ཀེ་ཇེ་༦.༡ དེ་རེ་ འོངམ་མ་ཚད་ ས་གོ་སྦོམ་ཡོད་སར་ ར་ཏོ་ཅིག་ལས་ ཐོན་སྐྱེད་ཀེ་ཇི་༢༥ དེ་ཅིག་ ཐོནམ་ཨིན་ཟེར་ རྫོང་ཁག་སོ་ནམ་འགོ་དཔོན་གྱིས་ བཤདཔ་ཨིན་པས།
ན་ཧིང་ ས་ནང་ཨེ་པཱལ་ཀེ་ཇི་རེ་གིས་ གོང་ཚད་དངུལ་ཀྲམ་༢༠༠ དང་༢༥༠ ཐོབ་ཡོད་རུང་ དུས་ཅི་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༥༠ ལུ་ མར་བབས་སོང་ནུག།
དུས་ཅི་ སྤྱི་ཟླ་༧ པའི་ཚེས་༡༠ ལུ་ སོ་ནམ་དང་ ནགས་ཚལ་ལྷན་ཁག་གིས་ སོ་ནམ་པ་ཚུ་ལུ་ ས་ནང་ཨེ་པཱལ་ འཛུགས་སྐྱོང་འབད་དགོ་པའི་ ཁྱབ་བསྒྲགས་འབད་ཡོདཔ་ད་ ལོ་ཐོག་དེ་ ཀེ་བ་ལ་སོགས་པའི་ ལོ་ཐོག་གཞན་དང་ཕྱདཔ་ད་ ལེ་ཤ་གིས་ ལཱ་འཇམ་པའི་ཁར་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་བའི་ ཚ་གྱང་ཡང་ ལང་མི་དགོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ས་ནང་ཨེ་པཱལ་དེ་ རྩི་རང་རྫོང་ཁག་ལས་ རྒེད་འོག་གཅིག་ཐོན་སྐྱེད་གཅིག་སྦེ་ ཐོན་སྐྱེད་འབད་འོང་ཟེར་ཨིན་པས།
དུང་ལ་སྒང་སོ་ནམ་རྒྱ་སྐྱེད་འགོ་དཔོན་ ན་རེཤ་བཱན་ད་རི་གིས་འབད་བ་ཅིན་ འཛམ་གླིང་ནང་ ལོ་ཐོག་གི་རིགས་མ་འདྲཝ་༤༠ ལྷགཔ་ཅིག་ཡོདཔ་བཞིན་དུ་ ས་ནང་ཨེ་པཱལ་གྱི་ དཔེ་ཚད་དེ་ བང་ལ་དེཤ་ལུ་ བསྐྱལ་ཡོདཔ་ལས་ ལེགས་ཆའི་ངོས་ལེན་ ཐོབ་སྟེ་ཡོད་ཟེར་ཨིན་པས།
རྒེད་འོག་དེ་ནང་ ས་ནང་ཨེ་པཱལ་འཛུགས་སྐྱོང་འབད་ནིའི་དོན་ལས་ སྤྲོ་བ་བསྐྱེད་མི་ ལེ་ཤ་ཡོད་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཨ་མིར་རའི་དེ་ རྒེད་འོག་དེ་ནང་ ས་ནང་ཨེ་པཱལ་འཛུགས་སྐྱོང་འབད་མི་ སོ་ནམ་པ་དང་པ་ ཨིནམ་བཞིན་དུ་ ཁོ་གིས་ ས་ནང་ཨེ་པཱལ་རྐྱངམ་གཅིག་མེན་པར་ ཀི་ཝི་དང་ སྦལཔ་ཚལ་ལུམ་ ཡུང་སྒ་ལ་སོགས་པ་ཚུ་ཡང་ བཙུགསཔ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

འགྲོ་འགྲུལ་བཀག་དམ་སྐབས་ རང་དང་གཞན་གྱི་ཉེན་སྲུང་དོན་ལུ་ རང་སོའི་ཁྱིམ་ནང་སྡོད་དགོཔ།

༉ ད་རེས་ཁམས་ ཟུར་བཞག་ས་ཁོངས་ནང་ ལོག་ཅི་ར་ བརྟག་དཔྱད་འབད་དེ་ ལོག་བཏང་མི་ཨམ་སྲུ་ཅིག་ ཀོ་རོ་ན་བའེ་རཱསི་ནད་འབུབ་ཡོད་པའི་ ནད་བརྟག་གྲུབ་འབྲས་ཐོན་མི་དང་འཁྲིལ་ ཁ་ཙ་ལས་འགོ་བཙུགས་ རྒྱལ་ཁབ་མཐའ་དབུས་མེད་པར་ འགྲོ་འགྲུལ་བཀག་དམ་ཡོདཔ་བཞིན་དུ་ ཨམ་སྲུ་དེ་དང་གཅིག་ཁར་ འབྲེལ་བ་འཐབ་མི་ཚུ་ འཚོལ་ཞིབ་ཐོག་ལས་ བརྟག་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *