དངུལ་ཁང་༣ གྱིས་ སྒྲིང་ཁྱིམ་བཟོ་སྐྲུན་གྱི་དོན་ལུ་ སྐྱིན་འགྲུལ་མཚམས་འཇོག་འབད་ཡོདཔ།

༉ དངུལ་འབྲེལ་ལས་ཁང་༣ གྱིས་ སྒྲིང་ཁྱིམ་བཟོ་སྐྲུན་གྱི་ སྐྱིན་འགྲུལ་མཚམས་འཇོག་འབད་མི་ལུ་བརྟེན་ བཟོ་སྐྲུན་ལས་སྡེ་ནང་ དཔལ་འབྱོར་གནས་སྟངས་ གཏན་ཏོག་ཏོ་མེདཔ་བཟོ་ཡོདཔ་ཨིན་པས།
འབྲུག་གི་དངུལ་ཁང་དང་ བཀྲིས་དངུལ་ཁང་ དེ་ལས་ འབྲུག་གོང་འཕེལ་དངུལ་ཁང་གིས་ བཟོ་སྐྲུན་ལས་སྡེའི་དོན་ལུ་ སྐྱིན་འགྲུལ་མཚམས་འཇོག་འབད་ཡོདཔ་ཨིན་པས།
དེ་ལུ་བརྟེན་ སྒེར་གྱི་ལས་སྡེ་དང་ སྒྲིང་ཁྱིམ་བཟོ་སྐྲུན་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ད་ དེ་ཡང་ སྡོད་ཁྱིམ་བཟོ་སྐྲུན་འབད་མི་ཚུ་གིས་ ལོག་སྐྱིན་ཚབ་བཏབ་ནིའི་དོན་ལུ་ ཁ་སྐོང་སྐྱིན་འགྲུལ་ལེན་མི་ལུ་བརྟེན་ཨིན་པས།
སྐྱེས་ལོ་༥༢ ལང་མི་ སངས་རྒྱས་ཀྱིས་ སླབ་མིའི་ནང་ ཁོ་ར་ བཟོ་སྐྲུན་འགོ་བཙུགས་ཡོདཔ་ལས་ ཚ་གྱང་ལངམ་མས་ཟེར་ཨིནམ་ད་ དེ་ཡང་ བཟོ་སྐྲུན་མཇུག་བསྡུ་ནིའི་དོན་ལུ་ ཁ་སྐོང་སྐྱིན་འགྲུལ་དགོཔ་ཡོད་ཟེར་ཨིནམ་ད་ ལཱ་ཚུ་ ཕྱེད་ཀ་རྫོགས་ཡོདཔ་ལས་ སྐྱིན་འགྲུལ་ཐེབས་མ་ལེན་པ་ཅིན་ སྐྱིན་ཚབ་ལོག་བཏབ་ནི་ལུ་ གདོང་ལེན་འབྱུང་ནི་མས་ཟེར་ཨིན་པས།
འབྲུག་གི་དངུལ་ཁང་ལས་ སྐྱིན་འགྲུལ་ལེན་མི་ ཚོང་མགྲོན་པ་༢,༣༦༣ ཡོད་མི་དེ་ མཐོ་ཤོས་ཨིནམ་ད་ དེ་ཡང་ ལོ་ངོ་༢༠ གི་དོན་ལུ་ དངུལ་ཁང་གིས་ ཚོང་འབྲེལ་བཟོ་སྐྲུན་དོན་ལུ་ སྐྱེད་བརྒྱ་ཆ་༨.༩༣ དང་ སྡོད་ཁྱིམ་དོན་ལུ་ སྐྱེད་བརྒྱ་ཆ་༧.༩༨ འབད་མི་དེ་ དམའ་ཤོས་ཨིན་མི་དེ་ཡང་ དངུལ་ཁང་གཞན་ཚུ་གིས་ བརྒྱ་ཆ་༡༠.༤༥ དང་ བརྒྱ་ཆ་༡༢.༥ ལེན་ནི་དེ་གིས་ཨིན་པས།
ཁྱིམ་གྱི་ཇོ་བདག་ཅིག་གིས་ སླབ་མིའི་ནང་ སྐྱིན་འགྲུལ་ཕྱིས་སུ་འབད་མི་ལུ་བརྟེན་ བཟོ་སྐྲུན་གྱི་དོན་ལུ་ ཟད་འགྲོ་ཐེབས་གནསཔ་མས་ཟེར་ཨིནམ་ད་ གནད་དོན་དེ་ལུ་བརྟེན་ སྐྱིན་འགྲུལ་བྱིན་མི་ དངུལ་འབྲེལ་ལས་སྡེ་དང་ སྐྱིན་འགྲུལ་ལེན་མི་༢ ཆ་ར་ལུ་ ཐོ་ཕོག་འོང་ཟེར་ཨིན་པས།
ལ་ལོ་ཅིག་གིས་ བཟོ་སྐྲུན་མཇུག་བསྡུ་ནིའི་དོན་ལུ་ ས་དང་རྒྱུ་དངོས་ཚུ་ བཙོང་དོ་ཡོདཔ་ཨིན་རུང་ ལ་ལོ་ཅིག་ འབད་ཐབས་ག་ནི་ཡང་མེད་པར་ ལཱ་མཚམས་འཇོག་འབད་ཡོདཔ་ཨིན་པས།
འབྲུག་བཟོ་སྐྲུན་ཚོགས་སྡེའི་གཙོ་འཛིན་ འཕྲིས་རྒྱ་མཚོ་གིས་ སླབ་མིའི་ནང་ སྐྱིན་འགྲུལ་མཚམས་འཇོག་འབད་མི་དེ་གིས་ བཟོ་སྐྲུན་ལས་སྡེ་ལུ་ ཐོ་ཕོག་སྟེ་ཡོད་ཟེར་ཨིནམ་ད་ བཟོ་སྐྲུན་ལས་སྡེ་དང་ སྒེར་པ་ཚུ་ སྐྱིན་འགྲུལ་བཏབ་མ་ཚུགས་པར་ ལུས་མི་ལུ་བརྟེན་ སྐྱེད་ཡར་སེང་འགྱོ་དོ་འོང་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དངུལ་ཁང་ཚུ་གིས་ དཀའ་ངལ་བསལ་ནིའི་དོན་ལུ་ ཐབས་ལམ་དང་ སྲིད་བྱུས་ལེགས་ཤོམ་ཚུ་ གཞི་བཙུགས་འབད་དགོཔ་འདུག་ཟེར་ཨིནམ་ད་ ལས་སྡེ་ཚུ་གིས་ སྐྱིན་འགྲུལ་ཚད་ལས་བརྒལ་ ལེན་མི་ལུ་གཞི་བཞག་སྟེ་ སྐྱིན་འགྲུལ་མཚམས་འཇོག་འབད་ནི་དེ་ ཐབས་ལམ་ལེགས་ཤོམ་མེན་ཟེར་ཨིན་པས།
འབྲུག་དངུལ་ཁང་གིས་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ཚོང་མགྲོན་པ་མང་ཤོས་ཀྱིས་ འབྲུག་རྒྱལ་ཡོངས་དངུལ་ཁང་དང་ གཞན་སྒྲིང་ཁྱིམ་བཟོ་སྐྲུན་གྱི་དོན་ལུ་ སྐྱིན་འགྲུལ་བྱིན་མི་ དངུལ་ཁང་ཚུ་ནང་ སྐྱིན་འགྲུལ་ལེན་ནིའི་དོན་ལུ་ སྤོ་སོར་འབདཝ་མས་ཟེར་ཨིན་པས།
གནས་ཚུལ་འབྱུང་ཁུངས་དང་འཁྲིལཝ་ད་ སྐྱིན་འགྲུལ་མཚམས་འཇོག་འབད་མི་དེ་ དངུལ་ཁང་ལྟེ་བའི་བཀའ་རྒྱ་དང་ འཁྲིལ་ཏེ་ཨིནམ་སྦེ་ སླབ་དོ་ཡོད་རུང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ སྤྱི་འཛིན་དྲགོས་དཔལ་འབྱོར་གྱིས་ སླབ་མིའི་ནང་ དབང་འཛིན་གྱི་ཁ་ཐུག་ལས་ སྐྱིན་འགྲུལ་མཚམས་འཇོག་འབད་ནི་ བཀོད་བྱ་ག་ནི་ཡང་ བྱིན་བྱིནམ་མེད་ཟེར་ཨིན་པས།
དངུལ་འབྲེལ་ལས་སྡེ་ལ་ལོ་ཅིག་གིས་ སྐྱིན་འགྲུལ་མཚམས་འཇོག་འབད་དགོ་པའི་ བཀའ་རྒྱ་མ་ལྷོདཔ་ལས་ འཕྲོ་མཐུད་དེ་ར་ བྱིན་དོ་ཡོདཔ་ཨིན་པས།
ཚོང་མགྲོན་པ་ཅིག་གིས་ སླབ་མིའི་ནང་ དངུལ་ཁང་ཚུ་གིས་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ ལམ་སྟོན་དང་འཁྲིལ་ འགན་ཁུར་ཚུ་ དང་ལེན་འབད་དགོ་ཟེར་ཨིནམ་ད་ དངུལ་འབྲེལ་ལས་སྡེ་ལ་ལོ་གིས་ ལས་བྱེདཔ་ཚུ་ལུ་ སྐྱེད་ཆུང་བའི་སྐྱིན་འགྲུལ་བྱིན་མི་དེ་ཡང་ ཡོངས་གྲགས་སོང་ཡོདཔ་བཞིན་དུ་ བཀག་འཛིན་འབད་ཡོདཔ་སྦེ་ཨིན་པས།
དུས་ཅི་སྤྱི་ཟླ་༣ པའི་ གནས་ཐོ་དང་འཁྲིལཝ་ད་ སྐྱིན་འགྲུལ་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༡༢༥ ལས་ སྡོད་ཁྱིམ་བཟོ་སྐྲུན་ནང་ དངུལ་ཀྲམ་ཐེར་འབུམ་༣༠.༣ འབད་མི་དེ་ མཐོ་ཤོས་ཨིནམ་ད་ དེའི་ཤུལ་ལས་ དངུལ་ཀྲམ་ཐེར་འབུམ་༣༠.༡༩ ལྟ་བཤལ་ལས་སྡེ་ཨིནམ་ད་ འབྲུག་དངུལ་ཁང་རྐྱངམ་གཅིག་ལུ་ སྤྱི་ཟླ་༦ པ་ཚུན་ སྡོད་ཁྱིམ་བཟོ་སྐྲུན་ནང་ སྐྱིན་འགྲུལ་རྩིས་ཆད་ དངུལ་ཀྲམ་ཐེར་འབུམ་༡༢.༤ ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉིམ་རྡོ་རྗེ།

 

About admin

Check Also

བཀྲིས་གཡང་རྩེ་ ཡ་ལང་གི་མི་ཚུ་གིས་ ཐིང་ངེ་ལུ་བརྟེན་ འཚོ་བ་སྐྱོང་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ ཡ་ལང་རྒེད་འོག་ གནམ་ཐེ་དང་ ཡེར་ཕི་གཡུས་ཚན་དེ་ ཐིང་ངེ་ཐོན་སྐྱེད་འབད་སའི་ ཡོངས་གྲགས་ཅན་གྱི་ ས་གནས་ཅིག་ཨིན་པས། དེ་ཡང་ ཚོདམ་ཞིམ་ཏོང་ཏོ་བཟོ་ནི་དང་ བཟའ་ཁམས་གཏགས་ནིའི་དོན་ལུ་ ཐིང་ངེ་བླུགས་ཏེ་བཟོ་དོ་ཡོདཔ་ད་ གཡུས་ཚན་ནང་ལྷོད་པ་ཅིན་ ཚོདམ་ནང་རྐྱངམ་གཅིག་མེན་པར་ ཁྱིམ་ག་རའི་གདོང་ཁར་ …

Leave a Reply

Your email address will not be published. Required fields are marked *