བསམ་གྲུབ་ལྗོངས་མཁར་ ཨ་རོང་རྒེད་འོག་ ཕི་ལུ་མ་སྤྱི་འོག་ནང་ མཐོང་གསལ་བྱུང་མི་ ལབ་རྩ་རྒྱལ་མོ།

དང་ཕུ་ ཡོངས་གྲགས་སྦེ་ བརྩི་སྲོལ་ཡོད་མི་ ལབ་རྩ་རྒྱལ་མོའི་ལོ་རྒྱུས།

༉ དང་ཕུ་ འབྲུག་པའི་མི་ཚུ་ རྒྱ་གར་དང་བོད་ལུ་ ཚོང་བཏོན་པར་འགྱོ་བའི་སྐབས་ ལམ་བདའ་སྟེ་ བར་ཆད་མི་བྱུང་ནི་དང་ ཚོང་འབྲེལ་ལེགས་ཤོམ་འཐབ་ཚུགས་ནིའི་དོན་ལུ་ ལབ་རྩ་རྒྱལ་མོ་ཟེར་ ས་གནས་ཀྱི་ གནས་བདག་གཞི་བདག་ཚུ་ལུ་ ཁྱོསམ་ལ་སོགས་པ་ཚུ་འབག་སྟེ་ གསོལ་བ་བཏབ་ནི་དང་ སྐྱབས་འཚོལ་ནིའི་ ལམ་སྲོལ་འདུག།ཨིན་རུང་ ད་རེས་ནངས་པར་ རྒྱལ་ཁབ་ཡར་རྒྱས་ཀྱི་འགྱུར་བ་དང་བསྟུན་ རྫོང་ཁག་དང་ རྒེད་འོག་ཚུ་ནང་ ས་གནས་ཐདམ་ཐད་ཁ་ལས་ཕར་ འཁོར་ལམ་མཐུད་སྦྲེལ་འབད་ནི་དེ་གིས་ ལབ་རྩ་རྒྱལ་མོ་ལུ་ ཁྱོསམ་འབག་སྟེ་ སྐྱབས་འཚོལ་སྲོལ་ཡོད་མི་དེ་ ཉམས་སོ་ནུག།བསམ་གྲུབ་ལྗོངས་མཁར་ ཨ་རོང་རྒེད་འོག་ ཕི་ལུ་མ་སྤྱི་འོག་ནང་ ལབ་རྩ་རྒྱལ་མོ་ལུ་ སྐྱབས་འཚོལ་ནིའི་ལམ་སྲོལ་དེ་ ད་ལྟོའི་བར་ན་ཡང་ མ་ཉམས་པར་ བརྩི་དོ་ཡོདཔ་ད་ རྐང་སྟོང་སྦེ་ དུས་ཡུན་སྐར་མ་༡༥ དེ་ཅིག་ གྱེན་འཛེགས་འགྱོ་བའི་སྐབས་ ལམ་གྱི་ཟུར་ཁར་དང་ ཡང་ཅིན་ ལམ་གྱི་སྦུག་ལུ་ ལབ་རྩ་རྒྱལ་མོའི་ཕོ་བྲང་ཅིག་ མཐོང་ཚུགསཔ་ཨིན་པས།ཕི་ལུ་མ་ཚོགས་པ་ རིག་འཛིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ལབ་རྩ་རྒྱལ་མོ་དེ་ ཧེ་མ་ ཕམ་རྒན་རྒས་ཚུ་གིས་ རྒྱ་དང་བོད་ལུ་ ཚོང་བཏོན་པར་འགྱོ་བའི་སྐབས་ལུ་དང་ ཐ་ན་ གཡུས་ཁར་ ཨ་ལོ་སྐྱེས་རུང་ སྙན་དར་དང་ ཁ་དར་ དེ་ལས་ ཁྱོསམ་ལ་སོགས་པ་ཚུ་བསྐྱལ་ཏེ་ གསོལ་བ་བཏབ་ནི་དང་ སྐྱབས་འཚོལ་ནིའི་ ལམ་སྲོལ་སྡོད་ནུག་ཟེར་ཨིན་པས།ཁོ་གིས་ སླབ་མིའི་ནང་ གཡུས་ཚན་ནང་ འབྲུ་སྣ་གསརཔ་ཅིག་ཐོན་རུང་ ལབ་རྩ་རྒྱལ་མོའི་ཕྱག་མཇལ་དང་ ཕུལ་ཆ་ཨིན་ཟེར་ ཕོ་བྲང་དེ་ཁར་ བསྐྱལ་སྲོལ་ཡོད་མི་དེ་ ད་རེས་ནངས་པ་ཡང་ མ་ཉམས་པར་ ལག་ལེན་འཐབ་དོ་ཟེར་ཨིནམ་ད་ ལབ་རྩ་རྒྱལ་མོའི་ ཕོ་བྲང་ཟེར་ ད་རེས་ ལམ་ཁར་མཐོང་ནི་ཡོད་མི་དེ་ ས་གནས་ཀྱི་གནས་བདག་ མཁར་སྡེ་པ་ཟེར་མིའི་ ཕོ་བྲང་ཨིནམ་སྦེ་ དང་ཕུ་ཕམ་ཚུ་གིས་ ཡིད་ཆེས་བསྐྱེད་ནི་འདུག་ཟེར་ཨིན་པས།ཁོ་གིས་འབད་བ་ཅིན་ ད་རེས་ནངས་པ་ཡང་ གཡུས་ཁར་ནདཔ་ཅིག་འཐོན་རུང་ ཨམ་སྲུ་ཨ་ལོ་སྐྱེས་བར་ སྨན་ཁང་ནང་ འབག་འགྱོ་བའི་སྐབས་ལུ་དང་ ཨ་ལོ་སྐྱེས་ཏེ་ ལོག་གཡུས་ཁར་འོང་པའི་སྐབས་ ལབ་རྩ་རྒྱལ་མོ་ལུ་ སྙན་དར་དང་ ཁ་དར་ གུ་རམ་ལ་སོགས་པའི་ ཁྱོསམ་ཚུ་འབག་ནི་ཡོད་ཟེར་ཨིན་པས།མཁར་སྡེ་པ་དེ་ ཕི་ལུ་མ་གཡུས་ཚན་ཅིག་གི་ གནས་བདག་ཨིནམ་ལས་ ཕོ་བྲང་གི་ཉེ་འདབས་ལས་ ཤིང་ལ་སོགས་པ་ཚུ་ ག་ནི་ཡང་ བཏོག་ནི་མེད་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ བཏོག་པ་ཅིན་ གཡུས་ཚན་ནང་ ནད་ཡམས་མུ་གེ་ཚུ་ འཐོན་ནི་ཡོད་ཟེར་ཨིན་པས།དེ་ཡང་ ཧེ་མ་ གཡུས་ཚན་དག་པ་ཅིག་གིས་ མཁར་སྡེ་པ་ལུ་ ཡིད་ཆེས་མེད་པར་ རང་གི་གཟུགས་ཁར་རེགཔ་ཅིག་ གཟུགས་གཡའ་མི་ ཤིང་གི་འདབ་མ་ཅིག་བཏོགས་ཏེ་ ལཔ་རྩ་རྒྱལ་མོའི་ཁྱོསམ་སྦེ་ ཕོ་བྲང་དེ་ཁར་ བསྐྱལ་ཡོདཔ་བཞིན་དུ་ ལོག་ཁྱིམ་ནང་ལྷོདཔ་ད་ ཁོ་ར་ གཟུགས་གཡའ་སྟེ་ སྤོ་རོ་ཚུ་ ཐོན་ནུག་ཟེར་ཨིན་པས།རིག་འཛིན་གྱིས་ སླབ་མིའི་ནང་ སྨན་བཅོས་ག་དེ་སྦེ་འབད་རུང་ རྩ་ལས་དྲག་མ་བཏུབ་ལས་ རྩིསཔ་གིས་ མོ་རྩིས་བཏབ་འབད་བའི་སྐབས་ གནས་བདག་མཁར་སྡེ་པ་གིས་ གནོད་ཡོདཔ་སྦེ་ ཐོན་མི་ལུ་བརྟེན་ མཁར་སྡེ་པ་ལུ་ གསེར་སྐྱེམས་དང་ གསོལ་མཆོད་ལ་སོགས་པ་ཚུ་ ཕུལ་ཞིནམ་ལས་རྐྱངམ་གཅིག་ དྲག་ཡི་ཟེར་ཨིན་པས།དེ་འབད་ནི་འདི་གིས་ ད་རེས་ནངས་པ་ཡང་ ཡར་མར་འགྲོ་འགྲུལ་འབད་བའི་སྐབས་ སྙན་དར་དང་ ཁྱོསམ་ལ་སོགས་པ་ཚུ་ འབག་དགོ་ཟེར་ཨིནམ་ད་ ད་རེས་ ཕི་ལུ་མ་སྤྱི་འོག་ནང་ སོ་ནམ་ཞིང་ལམ་བཏོན་དོ་ཡོད་རུང་ མཁར་སྡེ་པ་དེ་ གཡུས་ཚན་གྱི་ གནས་བདག་དང་ སྲུང་མ་ངོ་མ་ཅིག་ཨིནམ་ལས་ ལམ་སྲོལ་དེ་ མ་ཉམས་པར་ ལག་ལེན་ཏེ་ བཞག་འོང་ཟེར་ཨིན་པས།མི་ཚུ་གིས་ སླབ་མིའི་ནང་ ཧེ་མ་ ཕམ་རྒན་ཤོས་ཚུ་ ལབ་རྩ་རྒྱལ་མོ་ཚུ་ལུ་ གསོལ་བ་བཏབ་སྟེ་ སྐྱབས་འཚོལ་ནི་དེ་གིས་ ལཱ་དང་བྱ་བ་ག་ཅི་ར་འབད་རུང་ ལེགས་ཤོམ་སོང་ཡོདཔ་མ་ཚད་ ད་རེས་ ཁོང་གི་སྐབས་ལུ་འབད་རུང་ མཁར་སྡེ་པའི་ཕོ་བྲང་ལུ་ སྙན་དར་དང་ ཁྱོསམ་ལ་སོགས་པ་ཚུ་ འབག་བསྐྱལ་ཞིནམ་ལས་ སྐྱབས་འཚོལ་བ་ཅིན་ གཡུས་ཚན་ནང་ ལོ་ཕྱུགས་རྟག་ཏུ་ལེགས་ ཆར་ཆུ་དུས་སུ་འབབ་ ནད་ཡམས་མུ་གེ་ཚུ་མེད་པར་ དགའ་སྐྱིད་ངང་ལུ་ སྡོད་ཚུགས་ཟེར་ཨིན་པས།ཁོང་གིས་འབད་བ་ཅིན་ ལབ་རྩ་རྒྱལ་མོ་ཟེར་བའི་ ལམ་སྲོལ་དེ་ ག་གིས་ དུས་ཚོད་ནམ་ གཞི་བཙུགས་འབད་འབདཝ་ཨིན་ན་ ཤེས་རྟོགས་ཡོད་མི་ ག་ཡང་མེད་རུང་ ཕམ་རྒན་ཤོས་ཚུ་གིས་ གནས་བདག་དང་ ཡུལ་ལྷ་ཚུ་ལུ་ གསོལ་མཆོད་ཕུལ་ཚུལ་ཨིནམ་སྦེ་ སླབ་དེས་ཟེར་ཨིན་པས།ཨིན་རུང་ ད་རེས་ནངས་པར་ ལམ་སྲོལ་དེ་ ལག་ལེན་འཐབ་མི་ དེ་ཅིག་མེདཔ་ལས་ ལབ་རྩ་རྒྱལ་མོའི་ཕོ་བྲང་ཚུ་ཡང་ མཐོང་ནི་མེདཔ་ད་ ཕམ་རྒན་ཤོས་ཚུ་གིས་མ་གཏོགས་ ད་རེས་ནངས་པའི་ ན་གཞོན་ཚུ་གིས་ ལབ་རྩ་རྒྱལ་མོ་ཟེར་བའི་ མིང་ཙམ་ཅིག་ཡང་ མ་གོ་བར་ཡོད་མི་ལུ་བརྟེན་ ལམ་སྲོལ་དེ་ མི་ཉམས་གོང་འཕེལ་གཏང་སྟེ་ ཡུན་བརྟན་བཞག་དགོཔ་ ཁག་ཆེ་བས་ཟེར་ གཡུས་མི་ཚུ་གིས་ བཤདཔ་ཨིན་པས།གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་ བསམ་གཏན་རྡོ་རྗེ་གིས་ གསུངས་མིའི་ནང་ ལབ་རྩ་རྒྱལ་མོའི་སྐོར་ལས་ དམ་པའི་ཆོས་ནང་ ལོ་རྒྱུས་ཐོན་ས་མ་མཇལ་ཟེར་ཨིནམ་ད་ ཨིན་རུང་ ཆོས་ནང་ལས་ གཡུས་ཚན་རེ་ནང་ ཡུལ་ལྷ་གཞི་བདག་རེ་ཡོད་ཟེར་ འཐོན་ནི་ཡོདཔ་ལས་ དང་ཕུའི་ཕམ་ཚུ་གིས་འབད་རུང་ ལབ་རྩ་རྒྱལ་མོ་ཟེར་ བརྩི་སྲོལ་ཡོད་མི་དེ་ ཡུལ་ལྷ་གཞི་བདག་ཚུ་ལུ་ གསོལ་མཆོད་ཕུལ་བའི་ ཚུལ་བཟུམ་ཅིག་ འོང་ནི་མས་ཟེར་ཨིན་པས།གཙུག་ལག་སློབ་དཔོན་གྱིས་འབད་བ་ཅིན་ དམ་པའི་ཆོས་ནང་ ནགས་བཙན་དང་ རི་བཙན་ དེ་ལས་ སྤང་བཙན་ལ་སོགས་པའི་ བཙན་གྱི་རིགས་མ་འདྲཝ་ ལེ་ཤ་འཐོན་ནི་ཡོདཔ་ལས་ མི་ཚུ་གིས་ སྙན་དར་དང་ ཁ་དར་ ཁྱོསམ་ལ་སོགས་པ་ཚུ་ བསྐྱལ་སྲོལ་ཡོད་མི་དེ་ གཅིག་ལས་འབད་བ་ཅིན་ ཡུལ་ལྷ་གཞི་བདག་ཚུ་གསོལ་བའི་ ཚུལ་བཟུམ་ཅིག་ཨིནམ་སྦེ་ བཤདཔ་མས་ཟེར་ ཞུ་ནི་ཨིན།

།སྐལ་བཟང་དབང་ཕྱུག། ཕི་ལུ་མ།

About admin

Check Also

སྨན་སྦྱིས་འུང་སྤྱི་འོག་གི་ དུར་ཁྲོད་ཁར་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་གདོང་ལེན།

༉ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་དྲུང་ཁག་ གསེར་ཐིག་རྒེད་འོག་ སྨན་སྦྱིས་འུང་སྤྱི་འོག་གི་ དུར་ཁྲོད་དེ་ ལོ་ལེ་ཤ་མ་ལང་རུང་ གསང་སྤྱོད་དང་འཐུང་ཆུ་ གློག་མེ་ལ་སོགས་པའི་ གཞི་རྟེན་མཐུན་རྐྱེན་ཚུ་མེདཔ་ལས་ མི་ཚུ་ལུ་ གདོང་ལེན་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས། ད་རེས་ དུར་ཁྲོད་དེ་ནང་ …

Leave a Reply

Your email address will not be published. Required fields are marked *