དགྲ་མེད་རྩེ་སློབ་གྲྭ་ལྟེ་བ་ནང་ གནས་སོར་བཏང་མི་ སློབ་དཔོན་ཚུ་ གྲོས་འཛོམས་འབད་བའི་བསྒང་།

དགྲ་མེད་རྩེ་སློབ་གྲྭ་ལྟེ་བའི་ནང་ སློབ་དཔོན་གྱི་ དཀའ་ངལ་སེལ་ཡོདཔ།

༉ མོང་སྒར་དགྲ་མེད་རྩེ་སློབ་གྲྭ་ལྟེ་བ་ནང་ གཞུང་གི་སྲིད་བྱུས་དང་ སློབ་གྲྭའི་ སྒྲིག་གཞི་དང་ལམ་ལུགས་ལྟར་དུ་ སློབ་དཔོན་ལངམ་སྦེ་ མེད་མི་ལུ་བརྟེན་ སློབ་ཕྲུག་ཚུ་གི་ཕམ་དང་ སློབ་ཕྲུག་ཚུ་ ད་ལྟོ་ཚུན་ ཚ་གྱང་ལང་དགོ་པའི་ གཞི་གནད་ཅིག་ལུ་ གྱུར་ཡོད་མི་དེ་ སེལ་ཚུགས་ནུག།
དེ་ཡང་ ཤེས་རིག་ལྷན་ཁག་གིས་ མོང་སྒར་རྫོང་ཁག་གི་ སློབ་གྲྭ་ཁག་ཚུ་ནང་ སློབ་དཔོན་ཐེབས་ཡོད་མི་ཚུ་ རྩིས་ལེན་ཞིནམ་ལས་ དགྲ་མེད་རྩེ་སློབ་གྲྭ་ནང་ དེ་འཕྲོ་ལས་ གནས་སོར་གཏང་དགོ་པའི་ ཡིག་ཚང་བཀའ་རྒྱ་བཏང་མི་དང་འཁྲིལ་ ད་རེས་ སློབ་དཔོན་ཚུ་ སློབ་གྲྭ་ནང་ ལྷོད་དོ་ཡོདཔ་ཨིན་པས།
ཤེས་རིག་ལྷན་ཁག་གིས་ རྫོང་བདག་ལུ་བཏང་མི་ ཡིག་ཚང་བཀའ་རྒྱ་དང་འཁྲིལ་བ་ཅིན་ དགྲ་མེད་སློབ་གྲྭ་ལྟེ་བའི་ནང་ སློབ་དཔོན་ལངམ་སྦེ་མེད་པའི་ དཀའ་ངལ་ཡོད་ལུགས་དང་ སྤྱིར་བཏང་ རྫོང་ཁག་ནང་ སློབ་དཔོན་༥༢ ལང་མ་ཚུགས་པའི་དཀའ་ངལ་ཚུ་ གསལ་བཀོད་འབད་ནུག།
ཤེས་རིག་ལྷན་ཁག་གིས་བཏང་མི་ ཡི་གུ་ནང་ མོང་སྒར་རང་སྐྱོང་སློབ་གྲྭ་གོང་མའི་ནང་ སློབ་དཔོན་༤ ཐེབས་ཡོད་མི་དང་ མོང་སྒར་འབྲིང་རིམ་སློབ་གྲྭ་འོག་མའི་ནང་ སློབ་དཔོན་༢ སྐྱིད་བདེ་མཁར་སློབ་གྲྭ་ལྟེ་བའི་ནང་ སློབ་དཔོན་༥ སྔ་ཚང་སློབ་གྲྭ་ཆུང་བ་དང་ སེང་སྒོར་སློབ་གྲྭ་ཆུང་བའི་ནང་ སློབ་དཔོན་རེ་རེ་ དེ་ལས་ ལྕགས་སི་མཁར་པཱམ་ཡན་ལག་སློབ་གྲྭ་ཚུ་ནང་ སློབ་དཔོན་ཐེབས་༡ འདུག་ཟེར་ བཀོད་ནུག།
དེ་འབདཝ་ལས་ རྫོང་བདག་གིས་གཙོས་པའི་ ཤེས་རིག་སྡེ་ཚན་གྱིས་ སློབ་དཔོན་ཐེབས་ཡོད་མི་ཚུ་ རྩིས་ལེན་ཞིནམ་ལས་ སློབ་དཔོན་ལངམ་སྦེ་མེད་མི་ སློབ་གྲྭ་ནང་ གཏང་དགོཔ་སྦེ་ ཡོད་མི་དང་བསྟུན་ སྤྱི་ཟླ་༨ པའི་ནང་ མོང་སྒར་རང་སྐྱོང་སློབ་གྲྭ་ལས་ སློབ་དཔོན་༡ དང་ མཐོ་རིམ་གོང་མའི་ ཤེས་ཚད་ཡོད་མི་ སློབ་དཔོན་༡ བཏང་མི་དང་འབྲེལ་ དགྲ་མེད་རྩེ་སློབ་གྲྭ་ལྟེ་བའི་ནང་ སློབ་དཔོན་༢ བཏང་ནུག།
དེ་བཟུམ་སྦེ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ གདམ་འཐུ་འབད་དེ་བཏང་མི་ མཐོ་རིམ་སློབ་གྲྭ་མཐར་འཁྱོལ་མི་ གནས་སྐབས་ཀྱི་ སློབ་དཔོན་༢༡ ཤེས་རིག་སྡེ་ཚན་གྱིས་ འགོ་འདྲེན་ཐོག་ལས་ དགྲ་མེད་རྩེ་སློབ་གྲྭ་ལྟེ་བའི་ནང་ སློབ་དཔོན་༤ དང་ ན་སྒོར་འབྲིང་རིམ་སློབ་གྲྭ་བར་མ་དང་ སྐྱེངས་མཁར་འབྲིང་རིམ་སློབ་གྲྭ་འོག་མ་ ཆ་གླིང་འབྲིང་རིམ་སློབ་གྲྭ་འོག་མ་ གླིང་མི་ཐང་འབྲིང་རིམ་སློབ་གྲྭ་འོག་མ་ དེ་ལས་ སློབ་གྲྭ་གཞན་ཚུ་ནང་ཡང་ བཏང་ཡོདཔ་ཨིན་པས།
རྫོང་ཁག་ཤེས་རིག་གཙོ་འཛིན་འགོ་དཔོན་འོགམ་ ཨྱོན་འཕྲིན་ལས་ཀྱིས་ སླབ་མིའི་ནང་ དགྲ་མེད་རྩེ་སློབ་གྲྭ་ལྟེ་བའི་ནང་ མ་གཞི་ སློབ་དཔོན་༨ མ་ལང་པའི་དཀའ་ངལ་ཡོད་རུང་ སློབ་དཔོན་༡༦ མ་ལང་པར་ཡོདཔ་སྦེ་ བཀོད་ནུག་ཟེར་ཨིན་པས།
སློབ་གྲྭ་ལྟེ་བའི་ནང་ བློ་གསར་སློབ་རིམ་ལས་ སློབ་རིམ་༡༠ པ་ཚུན་ སློབ་ཕྲུག་བསྡོམས་༧༡༢ ཡོདཔ་ད་ སློབ་ཕྲུག་ཚུ་གི་དོན་ལུ་ སློབ་སྟོན་འབད་མི་ སློབ་དཔོན་༢༥ ཡོདཔ་ལས་ ཉིན་བསྟར་བཞིན་དུ་ ཐུན་ཚན་༢༢ ལུ་ ཡར་སེང་འབད་དེ་འདུག།
ཤེས་རིག་འགོ་དཔོན་དང་འཁྲིལ་བ་ཅིན་ ཧེ་མ་ སློབ་དཔོན་༢༥ གུ་ གཞུང་གིས་ སློབ་དཔོན་ཐེབས་༦ གནང་ཡོདཔ་ལས་ ད་ལས་ཕར་ ཉིན་བསྟར་བཞིན་དུ་ སློབ་ཚན་གྱི་ སློབ་དཔོན་ཅིག་གིས་ ཐུན་ཚན་༡༩ ལས་བརྒལ་ སྟོན་མི་དགོ་ཟེར་ཨིན་པས།
ཤེས་རིག་ལྷན་ཁག་གི་ ཡིག་ཚང་གི་བཀའ་རྒྱ་ལྟར་དུ་ དེ་འཕྲོ་ལས་ ཤེས་རིག་སྡེ་ཚན་གྱིས་ ཐེབས་ཡོད་མི་ སློབ་གྲྭ་ཚུ་ནང་ ལྟ་རྟོག་འབད་བའི་སྐབས་ སློབ་དཔོན་ཐེབས་ཡོད་མི་ སློབ་དཔོན་ལ་ལོ་ཅིག་ ཕྱི་རྒྱལ་ལས་ཕར་ དཔེ་ཆ་ལྷབ་པར་སོང་མི་དང་ ལ་ལོ་ཅིག་ ངལ་གསོ་ཞུ་འགྱོ་མི་ དེ་ལས་ སྐྱིད་བདེ་མཁར་སློབ་གྲྭ་དེ་ སློབ་གྲྭ་ལྟེ་བ་གུ་ ཡར་སེང་སོང་ཡོདཔ་ལས་ སང་ཕོད་སློབ་ཕྲུག་ཐེབས་ལེན་པའི་སྐབས་ དཀའ་ངལ་འཐོན་ནི་ཨིནམ་ལས་ རང་འཇགས་བཞག་སྟེ་ཡོད་ཟེར་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
སློབ་གྲྭ་ལྟེ་བའི་དབུ་འཛིན་ པ་སངས་དབང་འདུས་ཀྱིས་ སླབ་མིའི་ནང་ ཆ་གླིང་འབྲིང་རིམ་སློབ་གྲྭ་དང་ སྐྱེངས་མཁར་འབྲིང་རིམ་སློབ་གྲྭ་ལས་ མཐར་འཁྱོལ་ཏེ་འོང་མི་ སློབ་རིམ་༩ པའི་སློབ་ཕྲུག་ཚུ་ དུས་ཅི་ གསརཔ་བཙུགས་པའི་སྐབས་ ཤེས་རིག་གི་སྲིད་བྱུས་དང་ སྒྲིག་གཞི་དང་འཁྲིལ་བ་ཅིན་ སློབ་དཔོན་རེ་གིས་ དཔེ་ཆ་སྟོན་ནིའི་ ཐུན་ཚན་ལས་ ལྷག་སོ་ནུག་ཟེར་ཨིན་པས།
དེ་འབདཝ་ལས་ སློབ་ཕྲུག་དང་བསྟུན་པའི་ སློབ་དཔོན་དགོཔ་ངེས་བདེན་ཡོདཔ་ལས་ རྫོང་ཁག་ཤེས་རིག་སྡེ་ཚན་ལུ་ སློབ་དཔོན་ཐེབས་དགོ་པའི་ སྙན་ཞུ་ཕུལ་ཡི་ཟེར་ཨིནམ་ད་ སློབ་གྲྭ་ལྟེ་བའི་ནང་ དབུ་འཛིན་འོག་མ་ཡང་ མེད་ཟེར་ སླབ་ཨིན་པས།
གདོང་ལེན་སྦོམ་ཤོས་ར་ སློབ་གྲྭའི་ཧོངས་ལས་ སློབ་ཕྲུག་རེ་གི་ གྲུབ་འབྲས་ཞིབ་དཔྱད་འབད་བའི་སྐབས་ ལེགས་ཤོམ་བཏོན་མ་ཚུགས་པ་ཅིན་ སློབ་གྲྭའི་མིང་གཏམ་ལུ་ གནོད་ཉེན་ཡོད་ནི་དེ་གིས་ ཚ་གྱང་ལངམ་མས་ཟེར་ དབུ་འཛིན་པ་སངས་དབང་འདུས་ཀྱིས་ འདས་པའི་སྙན་ཞུ་ནང་ སླབ་ཡོདཔ་ཨིན་པས།
རྫོང་ཁག་ནང་ གཞུང་གི་སློབ་གྲྭ་ཚུ་ཡང་ རང་སྐྱོང་སློབ་གྲྭ་གོང་མ་༡ དང་ འབྲིང་རིམ་སློབ་གྲྭ་གོང་མ་༡ སློབ་གྲྭ་ལྟེ་བ་༥ འབྲིང་རིམ་སློབ་གྲྭ་འོག་མ་༥ སློབ་གྲྭ་ཆུང་བ་༢༢ མི་སྡེ་ཡན་ལག་སློབ་གྲྭ་༡༨ ཡོདཔ་བཞིན་དུ་ སློབ་ཕྲུག་ཡོངས་བསྡོམས་༩,༧༩༤ དང་ སློབ་དཔོན་༥༤༦ ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཨ་ལོ་གཅེས་སྐྱོང་ལྟེ་བ་༢༦ དང་ གཞི་རྟེན་ཤེས་ཡོན་སློབ་གྲྭ་༧༣ ཡོདཔ་ཨིན་པས།
མ་གཞི་ རྫོང་ཁག་ནང་ སློབ་དཔོན་༥༢ མ་ལང་པའི་དཀའ་ངལ་ཡོད་མི་ལས་ གནས་སྐབས་ཀྱི་དོན་ལུ་ སློབ་དཔོན་༢༡ བཏང་མི་དེ་གིས་ ཕན་ཐོགས་འབྱུང་ཚུགས་ནི་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ངང་ལམ་ལུ་ བརྡུང་རྫོབ་ཀྱི་བཤེར་ཡིག་ ཕྱིར་འབུད་བཏང་ཡོདཔ།

༉ པདྨ་དགའ་ཚལ་ངང་ལམ་ལུ་སྡོད་མི་༢ ཀྱིས་ ཁྲིམས་སྲུང་འགག་སྡེའི་ འགན་འཛིན་པ་དང་ རྩོད་གཞི་ཕྱེ་ནིའི་དོན་ལུ་ བཤེར་ཡིག་བཙུགས་མི་དེ་ ཁ་ཙ་ དྲུང་ཁག་ཁྲིམས་འདུན་གྱིས་ སྣ་ཚོགས་སྙན་གསན་མཛད་པའི་ཤུལ་ལས་ ཕྱིར་འབུད་བཏང་ནུག། དེ་ཡང་ རྩོད་རྩ་འཇམ་དཔལ་རྡོ་རྗེ་དང་ ལྷུན་གྲུབ་ཀྱིས་ བཤེར་ཡིག་བཙུགས་མི་དེ་ཡང་ …

Leave a Reply

Your email address will not be published. Required fields are marked *