དད་ཅན་ཚུ་གིས་ དཀར་མེ་འབུམ་ཕུལ་བའི་བསྒང་།

དཀར་མེ་འབུམ་དང་ བཛྲ་གུ་རུ་དུང་སྒྲུབ་ བསགས་གནང་པའི་བསྒང་ཡོདཔ།

༉ ཐིམ་ཕུག་ལྕང་ཇི་ཇི་ བློ་གསལ་གླིང་འབྲིང་རིམ་སློབ་གྲྭ་བར་མའི་ རྩེད་ཐང་ནང་སྦེ་ ཉིན་གྲངས་༡༠ གྱི་རིང་ དཀར་མེ་འབུམ་དང་ མར་མེའི་སྨོན་ལམ་ བཛྲ་གུ་རུ་དུང་སྒྲུབ་ དེ་ལས་ བཛྲ་གུ་རུའི་གསུང་ཆོག་གནང་པའི་བསྒང་ཡོད་མི་དེ་ སྤྱི་ཟླ་༧ པའི་ཚེས་༡༦ ལུ་ མཇུག་བསྡུ་ནི་ཨིན་པས།
དེ་ཡང་ ཨོ་ལ་ཁ་ བླམ་ཀརྨ་ཡོན་ཏན་ཕུན་ཚོགས་ཀྱི་ དབུ་བཞུགས་ཐོག་ལས་ ཨ་ནེམོ་དང་ སྒོམ་ཆེན་ཞལ་གྲངས་༡༠༠ ལྷགཔ་ཅིག་གིས་ བཛྲ་གུ་རུ་དུང་སྒྲུབ་བསགས་གནང་དོ་ཡོདཔ་ད་ ལས་རིམ་དེ་ཡང་ བླམ་གིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
སྐྱེས་ལོ་༥༠ ལང་མི་ བླམ་ཀརྨ་ཡོན་ཏན་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ དཀར་མེ་འབུམ་ཕུལཝ་དང་གཅིག་ཁར་ བཛྲ་གུ་རུ་དུང་སྒྲུབ་བསགས་དགོ་མི་དེ་ཡང་ མི་དབང་ཡབ་མེས་སྲས་༣ གྱིས་གཙོས་པའི་ སྐུ་འཁོར་ལྷན་ རྒྱས་ཚུ་ སྐུ་ཚེ་ཞབས་པད་བརྟན་ནི་དང་ རྒྱལ་ཁབ་ཀྱི་སྐུ་རིམ་ དེ་ལས་ འཛམ་གླིང་ནང་ ཞི་བདེ་དང་ སངས་རྒྱས་ཀྱི་བསྟན་པ་ དར་ཞིང་རྒྱས་ནིའི་དོན་ལུ་ཨིན་ཟེར་ ཨིན་པས།
བླམ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དཀར་མེ་ཟེར་མི་དེ་ དཀར་པོ་དགེ་བའི་མེ་ལུ་གོ་ནི་དང་ དཀར་པོའི་མེ་ ལུ་བརྟེན་ ཡེ་ཤེས་ཀྱི་མེ་ལུ་འགྱུར་ནིའི་ཕན་ཡོན་ཡོད་ཟེར་ཨིནམ་ད་ མ་གཞི་ མེ་ལུ་རྣམ་པ་༤ ཡོད་མི་དེ་ཡང་ འཇིག་རྟེན་འཁོར་བའི་མེ་དང་ ཡེ་ཤེས་གསལ་བའི་མེ་ རང་བཞིན་ཡེ་ཤེས་ཀྱི་མེ་ དེ་ལས་ དཀར་པོ་དགེ་བའི་མེ་ཡོད་ཟེར་ ཨིན་པས།
བླམ་གིས་ སླབ་མིའི་ནང་ ཐིམ་ཕུག་ལུ་ དེ་བཟུམ་མའི་ དཀར་མེ་འབུམ་ཐེངས་༡༣ པ་ཕུལཝ་དང་འབྲེལ་ བཛྲ་གུ་རུ་དུང་སྒྲུབ་ཐེངས་༢༠ པ་ཡང་ བསག་ནི་འགོ་བཙུགས་ཅི་ཟེར་ཨིན་པས།
ཨིན་རུང་ ལོ་༡ ནང་ ནདཔ་ཚུ་གིས་ སྙན་དར་ཕུལ་མི་དང་ གསོན་གཤིན་གྱི་རིམ་གྲོ་ལས་ཐོབ་མི་ ཏི་རུ་ཚུ་ ཆུད་ཟད་མ་བཏང་པར་ བསགས་བཞག་མིའི་ཐོག་ལས་ འགོ་འདྲེན་འཐབ་མི་དེ་ ནདཔ་ཚུ་གི་ རྐྱེན་ངན་བར་ཆད་བསལ་ནི་དང་ ནང་པའི་བསྟན་པ་དར་ཞིང་རྒྱས་ནི་ སེམས་ཅན་ཚུ་ འཁོར་བ་ལས་འགྲོལ་ཐབས་ལུ་ཨིན་ཟེར་ བཤད་ཅི།
ཉིན་བསྟར་བཞིན་དུ་ དད་ཅན་བརྒྱ་ལས་བཅད་དེ་འཛོམས་མི་དང་ ནདཔ་བརྒྱ་ལས་བཅད་འོང་མི་ཚུ་ལུ་ དྲོ་པ་ཆུ་ ཚོད་༧ དེ་ཅིག་ཁར་ སྐྱབས་འགྲོ་དང་ བཛྲ་གུ་རུ་ མ་ཎི་ལ་སོགས་པའི་ དབང་ལུང་དང་ རྒྱབ་ཁྲུས་གནངམ་ཨིན་པས།
དཀར་མེ་ཕུལ་བའི་ཕན་ཡོན།
དཀར་མེ་ཕུལ་ནི་དེ་ རྒྱལ་ཁབ་ཀྱི་སྐུ་རིམ་དང་ རང་ར་སོ་སོར་ལུ་ གསོན་གཤིན་གྱི་རིམ་གྲོ་ སྦོམ་ཤོས་ཅིག་ཨིན་ཟེར་ཨིནམ་ད་ དེ་ཡང་ བླམ་དང་འཁྲིལཝ་ད་ ད་རེས་ གསོན་པོ་སྦེ་སྡོདཔ་ད་ར་ རང་གི་དབུགས་ཆད་མ་ཆད་པའི་བར་ན་ འཆི་ཁ་བར་དོའི་ འོད་སྣ་ཚོགས་སྦེ་ཤར་བའི་སྐབས་ རྣམ་ཤེས་སྡུག་བསྔལ་ཚེ་མེད་མྱོང་སྡོདཔ་ད་ ད་ལྟོ་དཀར་མེ་ཕུལ་བའི་ཕན་ཡོན་གྱིས་ རང་སྣང་རང་བཞིན་མེད་པར་ངོ་ཤེས་ཏེ་ ཆོས་སྐུ་ལུ་ འགྲོལ་ཚུགས་ཟེར་ཨིན་པས།
དེ་གི་ཤུལ་ལས་ ཆོས་ཉིད་བར་དོ་ལུ་ སྒྲ་དང་འོད་ཟེར་ དེ་ལས་ ཞི་ཁྲོའི་ལྷ་ཚོགས་ཚུ་ཤར་བའི་སྐབས་ ཁྲོ་བའི་ ལྷ་ཚོགས་ཚུ་ ཞི་བའི་ལྷ་ཨིནམ་ངོ་ཤེས་ཏེ་ སངས་རྒྱས་ཚུགས་པའི་ ཕན་ཡོན་ཡོད་ཟེར་ཨིན་པས།
གལ་སྲིད་ སྲིད་པ་བར་དོའི་སྐབས་ ཆགས་པ་ལུ་བརྟེན་ དམྱལ་བ་སྐྱེ་ནི་དང་ སེར་སྣ་ལུ་བརྟེན་ ཡི་དྭགས་ལུ་སྐྱེ་ནི་ གཏི་མུག་གི་དབང་གིས་ དུད་འགྲོ་ལུ་སྐྱེ་ནི་ ཕྲག་དོག་ལུ་བརྟེན་ ལྷ་མིན་ལུ་སྐྱེ་ནི་ ང་རྒྱལ་ལུ་བརྟེན་ ལྷ་ལུ་སྐྱེ་ནི་ འདོད་ཆགས་དབང་གིས་ མི་ལུ་སྐྱེ་ནི་ཨིནམ་ད་ དཀར་མེ་ཕུལ་བའི་ཕན་ཡོན་གྱིས་ བདེ་བ་ཅན་གྱི་ཞིང་ཁམས་ལུ་ སྐྱེ་ཚུགས་ཟེར་ཨིན་པས།
བྱབས་ཁྲུས་གནང་དགོ་པའི་ཁུངས།
བྱབས་ཁྲུས་ཞུ་དགོ་མི་དེ་ཡང་ བླམ་གིས་ བཤད་མི་དང་འཁྲིལ་བ་ཅིན་ ཉོན་མོངས་པའི་སྒྲིབ་པ་དང་ ཤེས་བྱའི་སྒྲིབ་པ་ ཕུང་པོའི་སྒྲིབ་པ་ སྐྱེས་སྒྲིབ་ ཤི་སྒྲིབ་ལ་སོགས་པའི་སྒྲིབ་ཚུ་ལུ་བརྟེན་ ནད་རྐྱེན་བྱུང་དོ་ཡོདཔ་ལས་ དེ་དག་ནིའི་དོན་ལུ་ ཁྲུས་གསོལ་དང་ བགེགས་སྐྲོད་གནངམ་ད་ གདོན་བགེགས་འབྱུང་པོ་ཚུ་ ཐོན་འགྱོ་ནི་ཨིནམ་ལས་ བར་ཆད་སེལཝ་ཨིན་ཟེར་ ཨིན་པས།
དེ་ཡང་ དྲེག་པ་ཁོག་གོ་དང་ བཙོག་པ་ཡོད་མི་དེ་ ཆུ་འཁྱུ་བཏང་པའི་སྐབས་ ཧིང་སངས་ས་འགྱོ་དོ་བཟུམ་སྦེ་ བར་ཆད་རྐྱབ་མི་ གདོན་བགེགས་ཚུ་ ཐོན་འགྱོ་བའི་ཤུལ་ལས་ ཚེ་ད་ལྟོ་ ནད་གདོན་སྡིག་སྒྲིབ་འབྱུང་པོ་ཚུ་ལས་ བཀག་སྟེ་ ཚེ་དང་བསོད་ནམས་འཕེལ་ནི་དང་ བྱ་བའི་དོན་འགྲུབ་ནི་དང་ ཕྱི་མ་ངན་སོང་༣ ལུ་ མི་སྐྱེ་ཟེར་ ཨིན་པས།
ཁྲུས་གསོལ་དེ་ བླམ་དང་ རིན་པོ་ཆེ་ མཚམས་བཅད་དེ་སྒྲུབ་པ་མཐར་ཕྱིན་མི་ཚུ་ལས་ ཞུ་ནིའི་གོ་སྐབས་འཐོབ་པ་ཅིན་ རབ་ཨིན་ཟེར་ སླབ་ཨིན་པས།
བཛྲ་གུ་རུའི་ཕན་ཡོན།
གུ་རུ་རིན་པོ་ཆེ་མཆོག་ འབྲུག་ལུ་བྱོན་ཏེ་ ས་ཐམས་ཅད་བྱིན་གྱིས་བརླབས་ཏེ་ སངས་རྒྱས་ཀྱི་བསྟན་པ་གཞི་བཙུགས་གནང་པའི་ཤུལ་ལུ་ ཞབས་དྲུང་རིན་པོ་ཆེ་མཆོག་གིས་ བསྟན་སྲིད་འཛིན་སྐྱོང་སྤེལ་བའི་ཁར་ དམིགས་བསལ་དུ་ མི་དབང་རིམ་བྱོན་ཚུ་གི་བཀྲིན་ལས་ རང་དབང་རང་བཙན་གྱི་རྒྱལ་ཁབ་ནང་ འགྲོ་བ་སེམས་ཅན་ཚུ་ བདེ་སྐྱིད་ཀྱི་ངང་ལུ་ཡོདཔ་ལས་ བཀྲིན་རྗེས་སུ་དྲན་ཏེ་ དུས་གསུམ་ལུ་ སྐྱབས་དང་མགོན་སྦེ་ བཞུགས་བཅུག་ཐབས་ལུ་ གུ་རུ་རིན་པོ་ཆེ་ལུ་ གསོལ་བ་བཏབ་དགོཔ་གལ་ཅན་ཅིག་ཨིན་ཟེར་ བླམ་གིས་ བཤདཔ་ཨིན་པས།
དཀར་མེ་འབུམ་ཕུལ་མི་དང་ བཛྲ་གུ་རུ་དུང་སྒྲུབ་བསགས་དགོ་མི་དེ་ འགྲོ་བ་སེམས་ཅན་ཚུ་གིས་ མཐོང་གྲོལ་སྦེ་ སངས་རྒྱས་ནི་དང་ ཐོས་གྲོལ་ རེག་གྲོལ་ མྱོང་གྲོལ་ཟེར་ འཁོར་བའི་སྡུག་བསྔལ་ལས་ གྲོལ་ཚུགས་པའི་ཕན་ ཡོན་བསམ་གྱིས་ མ་ཁྱབ་ཅི་ཡོད་མི་ལུ་བརྟེན་ འགོ་འདྲེན་འཐབ་དོ་ཟེར་ཨིན་པས།
དེ་ཡང་ ས་ཁོངས་ནང་བྱོན་ཏེ་ བཛྲ་གུ་རུ་བགྱང་ནི་དང་ དཀར་པོ་དགེ་བའི་ལཱ་ འབད་ཚུགས་དོ་ཡོད་མི་དེ་ཡང་ དཔེ་འབད་བ་ཅིན་ ཉིན་བསྟར་བཞིན་དུ་ དཀར་མེ་ཀོང་བུ་སྟོང་ཕྲག་༡༠ ལྷགཔ་རེ་ཕུལ་བའི་སྐབས་ མི་༡༠༠ གིས་ མར་ཁུ་བླུག་ནི་དང་ ཀོང་བུ་འཕྱག་མི་ ཀོང་བུ་ནང་ སྡོང་རས་བཙུགས་མིའི་ལཱ་ཚུ་ འབད་དགོཔ་ལེ་ཤ་འདུག།
དེ་འབདཝ་ལས་ ཉིན་བསྟར་བཞིན་དུ་ མར་ཁུ་ཊིན་༦༠,༠༠༠ ལྷགཔ་ཅིག་འགྱོ་དོ་ཡོདཔ་ད་ བླམ་ཁོ་ར་ སྐྱེས་ ལོ་༣༦ ལས་ ཚོགས་འབུམ་བསགས་ནི་འགོ་བཙུགས་ནུག།
སྐྱེས་ལོ་༧༥ ལང་མི་ ཚེ་དབང་གིས་ སླབ་མིའི་ནང་ བླམ་གིས་ འགོ་འདྲེན་འཐབ་མི་ལུ་བརྟེན་ བཛྲ་གུ་རུའི་ཁྲིད་དང་ ལུང་ཐོབ་པའི་ཁར་ དཀར་མེ་ཕུལཝ་ད་ བསྐྱེད་རིམ་སྒོམ་རིམ་ལས་འགོ་བཙུགས་ ཁ་གསལ་སྦེ་གནང་ནི་དེ་གིས་ བསྐལ་བ་བཟང་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ལས་ སྐྱེས་ལོ་༧༠ ལང་མི་བཟང་མོ་གིས་འབད་བ་ཅིན་ ད་ལྟོ་ ཚུན་ ཉིན་བསྟར་བཞིན་དུ་ དཀར་མེ་སྟོང་ཕྲག་༡༠ ལྷགཔ་ཅིག་ཕུལ་མི་དེ་ ད་རེས་མ་གཏོགས་ མཇལ་མ་མྱོང་ ཟེར་ཨིནམ་ད་ རྒྱབ་ཁྲུས་ཡང་ དེ་ཁར་སྤུངས་འཛོམས་འབད་མི་ ག་ར་ལུ་ གནང་ནི་དེ་གིས་ བྱིན་རླབས་ཞུ་ནིའི་གོ་སྐབས་ ཐོབ་ཅི་ཟེར་ཨིན་པས།
བླམ་གིས་ དྲོ་མཛར་ལས་ ཕྱི་རུ་ཚོགས་ཚུན་ དྲང་དོ་ཡོདཔ་ད་ ཨ་ནེམོ་དང་ སྒོམ་ཆེན་ཚུ་ཡང་ ནདཔ་སྦེ་ བླམ་ལུ་བརྟེན་ཞིནམ་ལས་ བློ་སེམས་ཆོས་ལུ་ གྱུར་བཅུག་མི་ཚུ་ཨིན་པས།
ཡོངས་གྲགས་འཐོན་ནི་ལུ་མེན་པར་ རྒྱལ་བློན་འབངས་༣ ལུ་ ཕྱག་ཕྱིད་ཞབས་ཏོག་དང་ སེམས་ཅན་གྱི་ འགྲོ་དོན་ལུ་ བརྩོན་ཤུགས་བསྐྱེད་དེ་ ཡིད་ཆེས་འདྲོངས་ཚུགས་པའི་ ལཱ་འབད་དགོཔ་གལ་ཆེ་ཟེར་ ཨིན་པས།
དད་ཅན་གྱི་ སྦྱིན་བདག་ཚུ་གིས་ ཉིན་བསྟར་བཞིན་དུ་ དགེ་སྦྱོར་གྱི་ལས་རིམ་ནང་ གསོལཝ་ཚོགས་དྲང་ནི་དང་ དཀར་མེ་ཕུལ་ནིའི་དང་འདོད་ཡོད་མི་ཚུ་གིས་ རང་སོའི་བློ་འདོད་དང་བསྟུན་ ཞབས་ཏོག་ཞུ་ཆོག་ཟེར་ཨིན་པས།
ལས་རིམ་དེ་ ཐིམ་ཕུག་ཁྲོམ་སྡེ་དང་ བློ་གསལ་གླིང་འབྲིང་རིམ་སློབ་གྲྭའི་ འཛིན་སྐྱོང་གིས་ རྒྱབ་སྐྱོར་ཐོག་ལས་ འགོ་འདྲེན་འཐབ་དོ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ ལྷབ་སྦྱང་འབད་དོ་ཡོདཔ།

༉ བཀྲིས་སྒང་ རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ སློབ་གྲྭའི་ཆོས་ཚན་རྐྱངམ་གཅིག་གིས་མ་ཚད་པར་ ཆོས་ཕྱོགས་ཀྱི་ལས་རིམ་ནང་ བཅའ་མར་གཏོགས་ཏེ་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ཡང་ ལྷབ་སྦྱང་འབད་དོ་ཡོདཔ་ཨིན་པས། དེ་ཡང་ སློབ་ཕྲུག་སྡེ་ཚན་ཅིག་གིས་ དྲོ་པ་ཨ་རྟག་ར་ ཆུ་ཚོད་༥ ལས་ …

Leave a Reply

Your email address will not be published. Required fields are marked *