བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ རྒྱལ་ཡོངས་ལུ་ གསུང་བཤད་གནང་པའི་བསྒང་།

ད་རུང་ ཟླཝ་༣ གྱི་རིང་ སྐྱེད་དགོངས་ཡངས་དང་ སྐྱིན་འགྲུལ་བཏབ་ནི་ཕར་འགྱངས།

༉ སྤྱི་ཟླ་༤ པ་ལས་༦ པ་ཚུན་ དུས་ཡུན་ཟླཝ་༣ གྱི་རིང་ དངུལ་འབྲེས་ལས་ཁང་ཚུ་ལུ་ སྐྱིན་ཚབ་བཏབ་མ་དགོ་པར་ ཕར་འགྱངས་འབད་ཡོདཔ་མ་ཚད་ སྐྱིན་འགྲུལ་གྱི་སྐྱེད་ཡང་ དགོངས་ཡངས་གནང་ཡོདཔ་བཞིན་དུ་ ད་རུང་ སྐྱིན་འགྲུལ་ལེན་མི་ཚུ་ལུ་ ཟླཝ་༣ གྱི་ སྐྱེད་དགོངས་ཡངས་གནང་ནུག།
དེ་ཡང་ སྤྱི་ཟླ་༦ པའི་ཚེས་༢༧ ལུ་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ དངོས་མཐོང་ལས་རིམ་ནང་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གིས་ མི་དབང་མངའ་བདག་རིན་པོ་ཆེའི་ སྐྱིད་སྡུག་ལས་རིམ་ཐོག་ལས་ སྤྱི་ཟླ་༧ པ་ལས་༩ པ་ཚུན་ སྐྱིན་འགྲུལ་གྱི་ སྐྱེད་དགོངས་ཡངས་གནངམ་དང་འབྲེལ་ སྐྱིན་ཚབ་རིམ་སྤྲོད་ཀྱི་ དུས་ཚོད་ཡང་ ཟླཝ་༣ ཕར་འགྱངས་གནང་སྟེ་ཡོད་ཟེར་ གསུངས་ཡི།
བློན་ཆེན་གྱིས་འབད་བ་ཅིན་ མི་དབང་མཆོག་གིས་ འདས་པའི་ཟླཝ་༣ གྱི་རིང་ མི་སེར་ཚུ་ལུ་ སྐྱིད་སྡུག་ལས་རིམ་ཐོག་ལས་ རྒྱབ་སྐྱོར་འབད་ཡོདཔ་བཞིན་དུ་ འབྲུག་པའི་མི་སེར་འབུམ་༡༢༠,༠༠༠ དེ་ཅིག་གིས་ དངུལ་ཁང་ཚུ་ལས་ སྐྱིན་འགྲུལ་ལེན་ཡོདཔ་ལས་ ད་རེས་ནད་ཡམས་ལུ་བརྟེན་ ཚོང་འབྲེལ་དང་ འོང་འབབ་ལུ་ ཐོ་ཕོག་སྟེ་ སྐྱིད་སྡུག་སྦེ་ ཟླ་རིམ་བཞིན་དུ་ སྐྱིན་ཚབ་བཏབ་ནི་དེ་ཡང་ ཕར་འགྱངས་གནང་ཡི་ཟེར་ཨིན་པས།
ད་རེས་ནངས་པར་ དངུལ་ཁང་ཚུ་ཡང་ རྒུད་ཕོག་སྟེ་ཡོདཔ་ཨིན་རུང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བཀའ་རྒྱ་དང་འཁྲིལ་ ད་རུང་ རྒུད་ཐེབས་འབག་སྟེ་ མི་སེར་ལུ་ ཕྱག་ཞུཝ་མས་ཟེར་ བློན་ཆེན་གྱིས་ གསུངས་ཡི།
བློན་ཆེན་གྱིས་ གསུངས་མིའི་ནང་ མི་སེར་ཚུ་གི་སེམས་ལུ་ སྡུག་བསྔལ་དང་ ཚ་གྱང་ཕོག་སྟེ་ཡོད་པའི་ཁར་ དཔལ་འབྱོར་གྱི་ གནས་སྟངས་ལུ་ཐོ་ཕོག་ ལཱ་དང་ལཱ་གཡོག་གི་ སྟབས་མ་བདེཝ་ཐོན་ཏེ་ འཚོ་བ་སྐྱོང་མ་ཚུགས་པ་ཅིན་ མི་སེར་སྤང་ནང་འཐོན་ རྒྱལ་ཁབ་འདི་ བསྐྱལ་ས་བསྐྱལ་ནི་ཟེར་རུང་ དེ་ཅིག་ལས་ མི་འོང་ནི་མས་ཟེར་ མི་དབང་མཆོག་ལས་ བཀའ་རྒྱ་ཕེབས་ཅི་ཟེར་ཨིན་པས།
དེ་འབདཝ་ལས་ རྒྱལཔོ་དང་ གཞུང་གིས་ར་ མི་སེར་གྱི་ སྐྱིད་སྡུག་སེལ་དགོཔ་ལས་ འདས་པའི་ཟླཝ་༣ གྱི་རིང་ གཞུང་དང་ དངུལ་ཁང་ཚུ་གིས་ སྐྱིན་འགྲུལ་ལེན་མི་ཚུ་གི་ སྐྱེད་བཏབ་ཡོདཔ་ད་ ད་རུང་ ཟླཝ་༣ གྱི་རིང་ སྐྱིན་འགྲུལ་བཏབ་ནི་དེ་ ཕར་འགྱངས་འབད་ཡོདཔ་མ་ཚད་ སྐྱེད་དེ་ཡང་ བརྒྱ་ཆ་ཧྲིལ་བུ་ མངའ་བདག་རྒྱལ་པོའི་སྡུག་གསོའི་སྐྱིད་སྡུག་ལས་རིམ་ཐོག་ལས་ བཏབ་གནང་ནི་སྦེ་ མི་དབང་མཆོག་ལས་ བཀའ་ཕེབས་ཅི་ཟེར་ བློན་ཆེན་གྱིས་ བཀའ་སྐྱོར་གནང་ཡི།
གལ་སྲིད་ རྒྱལ་ཁབ་ཀྱི་ གནས་སྟངས་དེ་ བསྒྱུར་བཅོས་མེད་པར་ དེ་འཚམས་ཅིག་སྦེ་ར་ སྡོད་པ་ཅིན་ སྤྱི་ཟླ་༩ པའི་ཤུལ་ལས་ ཟླ་ངོ་༦ ཚུན་ སྐྱེད་བརྒྱ་ཆ་༥༠ མངའ་བདག་རྒྱལ་པོའི་ སེམས་ཤུགས་ལས་རིམ་ཐོག་ལས་ བཏབ་ནི་ཨིན་པའི་ ལམ་སྟོན་གནང་ཡི་ཟེར་ཨིན་པས།
མི་སེར་༡༢༠,༠༠༠ ལང་མ་ལངམ་ཅིག་གིས་ སྐྱིན་འགྲུལ་ཞུ་ཡོད་མིའི་གྲས་ལས་ བརྒྱ་ཆ་༦༠ དང་༧༠ དེ་ཅིག་ གཡུས་ཁར་སྡོད་མི་ སོ་ནམ་པ་ཚུ་ཨིནམ་ད་ གཡོག་ཆུང་ཀུ་ཡོད་མི་ཚུ་གིས་ སྣུམ་འཁོར་ཆུང་བ་རེ་ མཁོ་སྒྲུབ་དང་ ཚོང་འབྲེལ་ཆུང་ཀུ་རེ་ རྐྱབ་སྡོད་མི་ཚུ་ཨིན་པས།
འདི་བཟུམ་མའི་ ལས་རིམ་དེ་ གཞན་རྒྱལ་ཁབ་ཚུ་ནང་མེད་པའི་ ལམ་ལུགས་མ་འདྲཝ་ཅིག་ འབྲུག་ལུ་ སྲོལ་བཟང་པོ་གཞི་བཙུགས་གནང་མི་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ རྒྱལ་ཁབ་ངོ་མ་ར་ཨིན་ཟེར་ བློན་ཆེན་གྱིས་ གསུངས་ཡི།
ཟླ་ངོ་༩ ནང་ སྐྱིན་འགྲུལ་ཞུ་མི་༡༡༢,༠༢༤ གི་དོན་ལུ་ སྐྱེད་དངུལ་ཀྲམ་ཐེར་འབུམ་༧.༥ དེ་ཅིག་ ཐོནམ་ཨིན་པས།
ན་ཡམས་ཀོ་བིཌ་-༡༩ ནམ་ཞི་ནི་ཨིན་ན་ ངེས་པ་མེདཔ།
བློན་ཆེན་གྱིས་འབད་བ་ཅིན་ མི་དབང་རྒྱལ་པོའི་ སྐྱིད་སྡུག་ལས་རིམ་སྣ་ཚོགས་ཡོད་མིའི་གྲས་ལས་ སྐྱིད་སྡུག་སྦོམ་ཤོས་ར་ རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ་-༡༩ ཁྱབ་སྤེལ་འབད་མ་བཅུག་པར་ བཞག་ནི་དེ་ཨིན་ཟེར་ཨིན་པས།
སྐྱིན་འགྲུལ་ཞུ་མི་བརྒྱ་ཆ་༢༠ ལྷགཔ་ཅིག་གིས་ སྐྱིན་འགྲུལ་བཏབ་མ་ཚུགས་པར་ཡོདཔ་ད་ དེ་ཡང་ རྒྱལ་ཁབ་སྟབས་མ་བདེཝ་ མ་ཐོན་པའི་སྐབས་ལུ་ཡང་ བུ་ལོན་བཏབ་མ་ཚུགས་པར་ ཡོདཔ་མ་ཚད་ ད་རེས་ཀྱི་ གནས་སྟངས་ནང་ཡང་ གནད་དོན་དེ་གི་སྐོར་ སླབ་མི་དགོ་ནི་ཨིནམ་ལས་ མི་དབང་མཆོག་གིས་ ཞིབ་དཔྱད་ལེགས་ཤོམ་སྦེ་ རྐྱབ་དགོ་པའི་ བཀའ་ཕེབས་ཡོད་མི་དེ་ འཕྲལ་མགྱོགས་ར་ འགོ་བཙུགས་འོང་ཟེར་ བློན་ཆེན་གྱིས་གསུངས་ཡི།
ནད་ཡམས་ཀོ་བིཌ་-༡༩ གི་ གནས་སྟངས་དེ་ ག་དེམ་ཅིག་ སྡོད་ནི་ཨིན་ན་ ངེས་པ་མེདཔ་ལས་ མི་སེར་ཚུ་གིས་ ཤེས་དགོཔ་གལ་ཆེཝ་བཞིན་དུ་ མི་སེར་ཚུ་ སྤང་ནང་འཐོན་མ་དགོཔ་ཅིག་གི་ སྐྱིད་སྡུག་གཟིགས་གནང་ནི་དེ་ མི་དབང་མངའ་བདག་རིན་པོ་ཆེ་ཡོདཔ་ལས་ གཞུང་ཡང་ བློ་བདེ་ཡི་ཟེར་ཨིན་པས།
རྒྱལ་ཁབ་ལེ་ཤ་ཅིག་གིས་ར་ རྒྱལ་ཁབ་ཕྱུགཔ་ཚུ་ལས་ བུ་ལོན་ལེན་པའི་ཤུལ་ལས་ བཏབ་མ་ཚུགས་པར་ རྒྱལ་ཁབ་སྦོམ་གྱི་འོག་ལུ་ ཚུད་དེ་འདུག་ཟེར་ བློན་ཆེན་གྱིས་ གསུངས་པའི་ཁར་ ཚོང་འབྲེལ་སྦོམ་ཚུ་ སྒོ་བསྡམས་པའི་ཤུལ་ལས་ ལཱ་གཡོག་མ་ཐོབ་མི་ མི་ཐེར་འབུམ་སྦེ་ཡོདཔ་བཞིན་དུ་ འབྲུག་ལུ་འབད་བ་ཅིན་ ག་ར་སྟབས་བདེ་ཏོག་ཏོ་ བཟོ་མ་ཚུགས་རུང་ སྟབས་མ་བདེཝ་ སྦོམ་མ་འཐོན་པར་ ཡོད་མི་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལས་ སྐྱིད་སྡུག་གནང་མི་ལུ་བརྟེན་ཨིན་ཟེར་ གསུངས་ཡི།
མདུན་སྐྱོད་ལས་རིམ།
ད་ལས་ཕར་ འཆར་གཞི་གོང་འཕེལ་གྱི་ ལས་རིམ་དང་ ལས་སྣ་ འཆར་སྣང་ འཆར་གཞི་ལས་འགུལ་ག་ཅི་བརྩམ་རུང་ ནད་ཡམས་དང་འཁྲིལ་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ལུ་ ཐོ་མ་ཕོགཔ་སྦེ་ བརྩམ་དགོཔ་དེ་ གལ་ཆེ་ཟེར་ བློན་ཆེན་གྱིས་གསུངས་ཡི།
ཚོང་འབྲེལ་སྦོམ་ འགོ་འདྲེན་འཐབ་མི་ཚུ་ལུ་ཡང་ ཐོ་ཕོག་པ་ཅིན་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ལུ་ཡང་ ཐོ་ཕོགཔ་བཞིན་དུ་ ད་ལས་ཕར་ ཚོང་འབྲེལ་ཚུ་ འཕྲོ་མཐུད་འགོ་འདྲེན་འཐབ་ཚུགས་ནིའི་དོན་ལུ་ སྐྱིན་འགྲུལ་གྱི་ སྐྱེད་བརྒྱ་ཆ་༨ དང་༩ མེན་པར་ སྐྱེད་བརྒྱ་ཆ་༥ གུ་ མར་ཕབ་འབད་དེ་ ལོ་༡ གི་རིང་ལུ་ སྐྱིན་འགྲུལ་བྱིན་ནིའི་ ལས་རིམ་བརྩམས་ཏེ་ཡོད་ཟེར་ཨིན་པས།
རང་གི་གནས་སྐབས་དང་བསྟུན་ ལཱ་འབད་ནིའི་དོན་ལུ་ སྐྱིན་འགྲུལ་དངུལ་ཀྲམ་འབུམ་༥ དང་༦ གི་འོག་རྒྱུ་ཨིན་པ་ཅིན་ སྐྱེད་བརྒྱ་ཆ་༢ དང་༤ གུ་ མར་བཅགས་ཐོག་ གནང་འོང་ཟེར་ཨིནམ་ད་ བཟོ་སྐྲུན་གྱི་ ལཱ་འབད་མི་ཚུ་ ད་ལྟོ་ཚུན་ ཕྱིའི་ལས་མི་ཨིནམ་ལས་ ད་ལས་ཕར་ བཟོ་སྐྲུན་གྱི་ ལཱ་འབད་ནིའི་དོན་ལུ་ ལས་མིའི་གླ་ཆ་ཚུ་ཡང་ ཡར་སེང་འབད་ནིའི་ ལས་རིམ་དེ་ བདུན་ཕྲག་ཤུལ་མའི་ནང་ མི་སེར་ལུ་ ཞུ་ནི་ཨིན་ཟེར་ བློན་ཆེན་གྱིས་ གསུངས་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *