ལྷ་མོ་གཙོ་མོའི་ སྐུ་འཆམ་གནང་པའི་བསྒང་།

ཐིམ་ཕུག་ལྷ་མོའི་སྒྲོམ་མཆོད་ ད་རིས་ལས་ མཇུག་བསྡུ་ནི།

༉ ཉིན་གྲངས་༣ གྱི་རིང་ ཐིམ་ཕུག་བཀྲིས་ཆོས་རྫོང་གི་ རྡོ་གཅལ་ནང་སྦེ་ དཔལ་ལྡན་ལྷ་མོའི་སྐུ་འཆམ་ཚུ་ རྒྱང་མཐོང་ཊི་བི་ཐོག་ལས་ མི་མང་ལུ་ མཇལ་ཁ་གནང་མི་དེ་ མཇུག་བསྡུ་ཡོད་རུང་ འདུ་ཁང་ནང་སྦེ་གནང་མི་དེ་ ད་རིས་ གཏོརམ་ཚུ་ ཐིམ་ཆུ་ནང་ བཤགས་ཐོག་ལས་ འགྲོལ་གནང་ནི་ཨིན་པས།

དེ་ཡང་ ཉིན་གྲངས་༡༡ གི་རིང་ ཐིམ་ཕུག་བཀྲིས་ཆོས་རྫོང་གི་ འདུ་ཁང་ནང་སྦེ་ ལྷ་མོའི་སྒྲུབ་མཆོད་གནང་པའི་ཤུལ་ ཉིནམ་༣ གྱི་རིང་ ཕྱིའི་རྡོ་གཅལ་ནང་སྦེ་ སྒྲོམ་མཆོད་གནང་པའི་སྐབས་ ལྷ་མོ་རེ་མ་ཏི་གིས་ སྣ་ཁྲིད་འབད་དེ་ ལྷ་མོ་མཆེད་བཞི་དང་ སྒོ་མ་བཞི་ གདོང་ཅན་བརྒྱད་ དཔལ་ལྡན་ལྷ་མོ་གཙོ་མོའི་ཕྱག་ཞུ་སྟེ་ འགུགས་བྱེད་དང་གསོད་བྱེད་གསུམ་བཅས་ཀྱི་ སྐུ་འཆམ་ཚུ་ དངོས་མཐོང་སྦེ་ མི་མང་ལུ་ རྒྱང་མཐོང་ཐོག་ལས་ སྤྱན་འབུལ་ཕུལ་ཡི།

ཁ་ཙ་ འདུ་ཁང་ནང་སྦེ་ ཟོར་འཆམ་དང་ ཞྭ་ནག་གི་སྐུ་འཆམ་ཚུ་ གནང་ཡོདཔ་ད་ ད་རིས་དྲོ་པ་ ཆིབས་གྲལ་བཙར་ཏེ་ གཏོརམ་ཚུ་ ཐིམ་ཆུ་ནང་བཤགས་ཏེ་ འགྲོལ་ནི་ཨིན་པས།

གཞུང་གྲྭ་ཚང་གི་ བདག་སྐྱོང་འགོ་དཔོན་ ཤེས་རབ་མཐར་ཕྱིན་གྱིས་ སླབ་མིའི་ནང་ གཞུང་དང་ གསོ་བ་ལྷན་ཁག་གི་ བཀོད་བྱ་དང་འཁྲིལ་ དུས་ཅི་ གཞུང་གྲྭ་ཚང་གིས་ སྐུ་འཆམ་ཚུ་མ་གཏོགས་ རྒྱལ་གཞུང་འཆམ་དང་ཟློས་གར་སློབ་སྦྱོང་ལས་ འཆམ་དང་ཞབས་ཁྲ་ དེ་ལས་ རྫོང་ཁག་བདག་སྐྱོང་གི་ ཐུགས་སྤྲོའི་གླུ་གཞས་ཚུ་ ག་ནི་ཡང་ གནང་མ་ཆོགཔ་སྦེ་ ཡོད་ཟེར་ཨིན་པས།

ནད་ཡམས་ཀོ་བིཌ་-༡༩ ལུ་ གདོང་ལེན་འབད་ནི་དང་ མི་སྡེ་ནང་ ཁྱབ་སྤེལ་འགྱོ་ནི་ལས་ བཀག་ཐབས་ཀྱི་དོན་ལུ་ ཨ་རྟག་ག་ཨིནམ་སྦེ་ར་ སྤྱན་འབུལ་ཕུལ་མ་ཚུགས་རུང་ རྒྱང་མཐོང་ཊི་བི་ནང་སྦེ་ སྤྱན་འབུལ་ཕུལ་ཡི་ཟེར་ཨིན་པས།

དེ་བཟུམ་སྦེ་ ལོ་བསྟར་གནང་སྲོལ་ཡོད་པའི་ ཐིམ་ཕུག་ཚེས་བཅུའི་དོན་ལུ་ གཞུང་གིས་ ཨ་རྟག་ག་ཨིནམ་སྦེ་ ཉིན་གྲངས་༣ གྱི་རིང་ གཞུང་གི་ཡིག་ཚང་དང་ སློབ་གྲྭ་ཁག་ དེ་ལས་ གཞན་ཚོང་ཁང་དང་ ལས་འཛིན་ཁག་གི་ཡིག་ཚང་ཚུ་ སྒོ་བསྡམས་བཞག་ནི་ཨིན་རུང་ ཚེས་བཅུའི་གར་འཆམ་ཚུ་ ཨ་རྟག་བཟུམ་སྦེ་ར་ མི་མང་ལུ་ མཇལ་ཁ་མི་གནང་ནི་ཨིནམ་མ་ཚད་ རྒྱང་མཐོང་ཊི་བི་ཐོག་ལས་ དངོས་མཐོང་ལས་རིམ་ཡང་ འགོ་འདྲེན་མི་འཐབ་ཟེར་ཨིན་པས།

སྒྲོམ་མཆོད་ཀྱི་སྐབས་ལུ་ ལྷ་མོ་རེ་མ་ཏི་གིས་ སྣ་ཁྲིད་འབད་དེ་ ལྷ་མོ་མཆེད་བཞི་དང་ སྒོ་མ་བཞི་ གདོང་ཅན་བརྒྱད་ དཔལ་ལྡན་ལྷ་མོ་གཙོ་མོའི་ཕྱག་ཞུ་སྟེ་ འགུགས་བྱེད་དང་གསོད་བྱེད་གསུམ་བཅས་ཀྱི་ སྐུ་འཆམ་ཚུ་ རྒྱལ་སྲས་ཀུན་དགའ་རྒྱལ་མཚན་གྱིས་ བརྩམས་གནང་མི་དེ་ བྱིན་རླབས་ཅན་ཅིག་ཨིན་པས།

གཞུང་གྲྭ་ཚང་གི་ ཞིབ་འཚོལ་འགོ་དཔོན་ ལྷུན་གྲུབ་ཚེ་རིང་གིས་ སླབ་མིའི་ནང་ སྐུ་འཆམ་དེ་ དཔལ་ལྡན་ལྷ་མོའི་རྣམ་ཐར་དང་འཁྲིལ་བཟོ་ཡོད་མི་དེ་ཡང་ གཙོ་བོ་ར་ རྒྱལ་ཁབ་ཀྱི་ ཞི་བདེ་དང་ བསྟན་སྲིད་ཀྱི་དོན་ལུ་དམིགས་ཏེ་ འགོ་བཙུགས་ནུག་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ད་རིས་ སྒྲོམ་མཆོད་ཀྱི་ཉིནམ་མཇུག་ལུ་ དཔལ་ལྡན་ལྷ་མོའི་ དཀྱིལ་འཁོར་བཞེངས་ཡོད་མི་དེ་ བསུ་བ་གསེར་སྦྲེང་དང་བཅསཔ་སྦེ་ ཆུ་ནང་བཤགས་འོང་ཟེར་ཨིན་པས།

ལོ་བསྟར་ ཐིམ་ཕུག་ལྷ་མོའི་སྒྲོམ་མཆོད་དེ་ཡང་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་སྲས་ འཇམ་དཔལ་རྡོ་རྗེ་གི་ཡང་སྲིད་ རྗེ་ཀུན་དགའ་རྒྱལ་མཚན་གྱིས་ གཞི་བཙུགས་མཛད་གནང་ནུག།

རྒྱལ་རབས་དང་འཁྲིལཔ་ད་ རྗེ་ཀུན་དགའ་རྒྱལ་མཚན་ སྐུ་མཚམས་གནང་ཞུགས་པའི་སྐབས་ དཔལ་ལྡན་ལྷ་མོ་བྱོན་ཞིནམ་ལས་ སྐུ་འཆམ་འདི་ གནང་ཡོདཔ་སྦེ་ཨིན་པས།

ཐིམ་ཕུག་ལྷ་མོའི་སྒྲོམ་མཆོད་ གནང་ནི་འགོ་བཙུགས་ཏེ་ ལོ་ངོ་༣༠༠ ལྷགཔ་ཅིག་ ལང་ཡོདཔ་ཨིན་པས།

ལྷ་མོའི་སྒྲོམ་མཆོད་ཀྱི་ཤུལ་ལས་ ཐིམ་ཕུག་ཚེས་བཅུ་དེ་ཡང་ ཉིནམ་༣ གྱི་རིང་ གནང་ནི་ཨིན་མི་དེ་ ནངས་པར་ལས་ འགོ་བཙུགས་ནི་ཨིན་རུང་ དུས་ཅི་ གཞུང་གྲྭ་ཚང་ལས་ འགོ་འདྲེན་པ་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གཤིན་རྗེ་སྐུ་འཆམ་དང་ གཏུང་རྔམ་འཆམ་ དེ་ལས་ གུ་རུ་མཚན་བརྒྱད་ཀྱི་སྐུ་འཆམ་ཚུ་ གནང་ནི་ཨིན་ཟེར་ཨིན་པས།

ཨིན་རུང་ རྒྱལ་གཞུང་འཆམ་དང་ཟློས་གར་ལྟེ་བ་ལས་ དཔལ་གླིང་གིང་གསུམ་གྱིས་གཙོས་པའི་ དཔའ་འཆམ་དང་ ཤ་བ་ཤ་ཁྱི་ ཕོ་ལེགས་མོ་ལེགས་ གིང་འཆམ་ སྐྱེལ་འཆམ་ རཀྴ་དམངས་འཆམ་ དེ་ལས་ ཐུགས་སྤྲོའི་ཞབས་ཁྲ་ཚུ་ གཞུང་གི་བཀའ་རྒྱ་དང་འཁྲིལ་ འགོ་འདྲེན་མི་འཐབ་ཟེར་ གཞུང་གྲྭ་ཚང་ལས་ འགོ་འདྲེན་པ་ཚུ་གིས་ བཤདཔ་ཨིན་པས།

དེ་བཟུམ་སྦེ་ རྫོང་ཁག་༢༠ གི་རབ་སྡེ་དང་ དགོན་སྡེ་ གཡུས་སྒོ་ཚུ་ནང་ འགོ་འདྲེན་འཐབ་སྲོལ་ཡོད་པའི་ ཚེས་བཅུའི་གར་འཆམ་གྱི་རིགས་ཚུ་ཡང་ གཞུང་གིས་ འབད་ཆོག་པའི་བཀའ་རྒྱ་དང་ གསལ་བསྒྲགས་མ་གནང་ཚུན་ ག་ནི་ཡང་ འགོ་འདྲེན་འཐབ་མི་ཆོག་ནི་ཨིན་པས།

ཚེས་བཅུའི་གར་འཆམ་ཚུ་ འགོ་འདྲེན་འཐབ་པའི་སྐབས་ འཆམ་དང་ ཞབས་ཁྲ་རྐྱབ་མི་ དགེ་སློང་དང་ བླམ་ གྲོང་ཆོསཔ་ གཞུང་གི་འགོ་དཔོན་སོགས་ མི་ལེ་ཤ་སྤུངས་འཛོམས་འབདཝ་མ་ཚད་ གར་འཆམ་འཇལ་མི་ ས་གནས་ཁག་ལས་ མི་སྤུངས་འཛོམས་འབད་ནི་ཨིནམ་ལས་ ནད་ཡམས་ཁྱབ་སྤེལ་འགྱོ་ནིའི་ ཉེན་ཁ་ཆེ་ནི་དེ་གིས་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *