ཀ་ལ་བ་ཛར་ལུ་ ལག་ལེན་འཐབ་མི་ གནས་སྐབས་ཀྱི་གསང་སྤྱོད་ཚུ།

ཐིམ་ཕུག་ལུ་ གསང་སྤྱོད་དང་ བཙོག་གཡུར་ཚུལ་ལྡན་མེད་པའི་ གདོང་ལེན་བྱུང་དོ་ཡོདཔ།

༉ ཐིམ་ཕུག་དེ་ འབྲུག་རྒྱལ་ཁབ་ཀྱི་ རྒྱལ་ས་ལྟེ་བ་ཨིན་རུང་ ཁྲོམ་སྡེ་ནང་ཚུད་མི་ ས་གནས་ལེ་ཤ་ཅིག་ནང་ གསང་སྤྱོད་དང་ བཙོག་གཡུར་ཚུལ་ལྡན་མེད་པའི་ཁར་ རོང་ཆུ་ཚུ་ བཙོག་པ་བཟོ་མི་ལུ་བརྟེན་ ཐིམ་ཕུག་ཁྲོམ་སྡེ་ལུ་ གདོང་ལེན་བྱུང་སྟེ་ཡོདཔ་ཨིན་པས།
དེ་ཡང་ ས་ཁོངས་དག་པ་ཅིག་གི་གྲས་ལས་ ད་རེས་ ཁྲོམ་གསརཔ་ཅིག་ལུ་ གྱུར་ཡོད་མི་ སྦལ་སྦིས་ན་ལུ་ རང་ལུགས་ཀྱི་ ཁྱིམ་གུང་དག་པ་ཅིག་གིས་ བསམ་གཏན་གླིང་ལས་འབབ་པའི་ རོང་ཆུའི་མཐའམ་བདའ་སྟེ་ གནས་སྐབས་ཀྱི་ གསང་སྤྱོད་རྐྱབ་ཡོད་མི་ཚུ་ལས་ སྨན་བཅོས་འབད་འབདཝ་མེད་པའི་ བཙོག་ཆུ་ཚུ་ ཐད་ཀར་དུ་ རོང་ཆུ་ནང་ བཏང་སྟེ་འདུག།
རང་ལུགས་ཀྱི་ཁྱིམ་ ཐོག་ཚད་༢ འབད་མིའི་ཇོ་བདག་ མགོནམ་ཚེ་རིང་གིས་ ཁྱིམ་གྱི་སྒོ་ཁར་ བཟའ་ཚང་གི་ གསང་སྤྱོད་ཡོད་མི་དེ་ འཁོར་ལམ་བཏོནམ་ད་ ཁྲོམ་སྡེ་གིས་ བརྡལ་བཤིག་བཏང་པའི་ཤུལ་ལས་ རོང་ཆུའི་མཐའ་མར་ གནས་སྐབས་ཀྱི་ གསང་སྤྱོད་བཟོ་དགོཔ་བྱུང་ཡི་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ གསང་སྤྱོད་ཀྱི་ དཀའ་ངལ་སེལ་ཐབས་ལུ་ ཅ་རའི་ཁྱིམ་དང་ མཉམ་སྦྱར་སྦེ་ གསང་སྤྱོད་རྐྱབ་ནིའི་དོན་ལུ་ ཁྲོམ་སྡེ་ལས་ གནང་བ་བྱིན་མ་བཏུབ་ཟེར་ཨིན་པས།
ད་རུང་ རོང་ཆུའི་མཐའ་མར་ གསང་སྤྱོད་བཟོ་ཡོད་མི་ རྟ་མགྲིན་དབང་ཕྱུག་གིས་ སླབ་མིའི་ནང་ ཁྱིམ་ལུ་སྦྱར་ཏེ་ གསང་སྤྱོད་བཟོ་ནིའི་དོན་ལུ་ འཕྲལ་ཁམས་ཅིག་ཁར་ ཁྲོམ་སྡེ་ལས་ གནང་བ་ཐོབ་ཅི་ཟེར་ཨིན་པས།
ཟླ་ངོ་༦ གི་ཧེ་མར་ ཁྲོམ་སྡེ་དང་ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱིས་ ཆུའི་མཐའ་མར་ གསང་སྤྱོད་བཟོ་མི་ཚུ་ གཙང་སྦྲ་དང་ལྡནམ་མེད་པའི་ཁར་ མཐའ་འཁོར་གནས་སྟངས་དང་ རོང་ཆུ་ཚུ་ བཙོག་པ་ཞུགས་མི་ལུ་བརྟེན་ བརྡལ་གཏང་དགོཔ་སྦེ་ སླབ་ཡོད་རུང་ ངོས་ལེན་འབད་མ་བཏུབ་པར་ཡོདཔ་ཨིན་པས།
ཁྲོམ་དཔོན་ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ གནས་སྐབས་ཀྱི་ གསང་སྤྱོད་ཚུ་ བརྡལ་གཏང་དགོཔ་སྦེ་ ཁྱིམ་གྱི་ཇོ་བདག་ཚུ་ལུ་ ཉེན་བརྡའི་ཡི་གུ་སྤྲོད་ཡོདཔ་མ་ཚད་ ཁྱིམ་གྱི་ས་ཁོངས་ནང་ གསང་སྤྱོད་བཟོ་སྐྲུན་ནི་གི་ གནང་བ་ལེན་དགོཔ་སྦེ་ཡོད་ཟེར་ཨིན་པས།
ད་རུང་ ལུང་བསྟན་ཕུག་ལུ་ བསྟན་སྲུང་དམག་སྡེའི་ དམག་མི་ཚུ་སྡོད་སའི་ ཁང་ཚན་༡༥༠ ལྷགཔ་ཅིག་གིས་ གསང་སྤྱོད་ཚུ་ ཁོང་སྡོད་སའི་ ས་ཁོངས་ནང་ བཟོ་སྟེ་ཡོད་པའི་ཁར་ བཙོག་ཆུའི་གཡུར་བ་ཚུ་ཡང་ ལེགས་ཤོམ་མེདཔ་མ་ཚད་ ཚལ་མ་ནང་ལས་ཕར་ ཆབ་གསང་རྒྱསཔ་དང་ བསྡུསཔ་ཚུ་ བཏང་མི་ལུ་བརྟེན་ བཙོག་གྲིབ་དང་ གཡུར་བ་སེལ་མ་ཚུགས་པའི་ གདོང་ལེན་ཡོདཔ་ཨིན་པས།
ཁྲོམ་དཔོན་ཀུན་ལེགས་རྡོ་རྗེ་གིས་འབད་བ་ཅིན་ བསྟན་སྲུང་དམག་སྡེ་ལུ་ བཙོག་ཆུའི་གཡུར་བ་ ཚུལ་ལྡན་བཟོ་དགོ་པའི་སྐོར་ ཡི་གུ་བཏང་ཡོད་རུང་ ད་ཚུན་གྱི་བར་ན་ ལན་གསལ་མ་ཐོབ་ཟེར་ཨིན་པས།
ཡོངས་གྲགས་ལུ་ ཀ་ལ་བ་ཛར་ཟེར་སླབ་མི་ ཅང་སྒྱིད་དར་ཕུག་ཁ་ཐུག་ལུ་སྡོད་མི་ མི་ཚུ་ལུ་ཡང་ གསང་སྤྱོད་ལེགས་ཤོམ་མེད་པའི་ དཀའ་ངལ་ཡོདཔ་ད་ གནས་སྐབས་ཀྱི་ གསང་སྤྱོད་ཚུ་ ཆབ་གསང་གིས་ གངམ་ཅིག་ར་ ད་རུང་ ས་གོ་སོ་སོའི་ནང་ ས་དོང་རྐོ་སྟེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
ས་ཁོངས་དེ་ནང་ སྡོད་མི་ཚུ་ ཐིམ་ཕུག་ཁྲོམ་སྡེ་འོག་ལུ་ ལཱ་འབད་མི་ཨིནམ་ད་ ཁོང་གི་ གསང་སྤྱོད་ཚུ་ ཁྱིམ་གྱི་སྦོ་ལོགས་ཁར་ཡོདཔ་ལས་ བཙོག་ཆུའི་གཡུར་བ་མེདཔ་ལས་ ཆབ་གསང་གི་དྲིམ་ནང་ སྡོདཔ་ཨིན་པས།
ས་གོ་ཆུང་ཀུ་དེ་ནང་སྡོད་མི་ བཟའ་ཚང་གི་འཐུས་མི་དང་ ཨ་ལོ་ཆུང་ཀུ་ལེ་ཤ་ཡོད་རུང་ འཁྱམས་སྡོད་སའི་ ས་གོ་མེད་པའི་ཁར་ ཕྱི་རུ་གློག་མེ་མེདཔ་ལས་ མི་ཚུ་གིས་ ཁྱིམ་སྒོ་དང་ སྣུམ་འཁོར་ལམ་ དེ་ལས་ མི་ཚུ་འགྱོ་སའི་ ས་གོ་ཚུ་ནང་ ཆབ་གསང་ག་ལྷོད་སར་ བཏང་མི་ལུ་བརྟེན་ གཙང་སྦྲ་དང་ལྡནམ་སྦེ་ སྡོད་མི་ཚུགས་པས་ཟེར་ ས་གནས་ལུ་སྡོད་མི་ ཨམ་བར་བྷ་དུར་ ག་ལེ་གིས་ བཤདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ ཐིམ་ཕུག་བརྒྱ་འཁོར་སོ་ནམ་ཚོང་ཁྲོམ་ནང་ཡང་ བཙོག་ཆུའི་གཡུར་བ་ བསུབས་ཡོདཔ་ལས་ ཚོད་བསྲེ་ཁྲོམ་ནང་ བཙོག་ཆུ་གིས་ གང་ཡོདཔ་ད་ ཚོང་ཁྲོམ་འཛིན་སྐྱོང་པ་ ཚེ་རིང་བསྟན་འཛིན་གྱིས་ སླབ་མིའི་ནང་ གཡུར་བ་ལེགས་ཤོམ་བཟོ་དགོ་པའི་སྐོར་ ཁྲོམ་སྡེ་དང་གཅིག་ཁར་ གྲོས་བསྟུན་འབད་ཡི་ཟེར་ཨིན་པས།
རྒྱལ་ཡོངས་མཐའ་འཁོར་ཐབས་བྱུས་༢༠༢༠ ཅན་མ་དང་འཁྲིལ་བ་ཅིན་ རྒྱལ་ཡོངས་གཅིག་སྒྲིག་ཆུ་འཐོན་འཛིན་སྐྱོང་འཆར་གཞི་༢༠༡༦ ཅན་མའི་ནང་ རྫོང་ཁག་དང་ ཁྲོམ་སྡེ་ག་རའི་ནང་ ཆུ་འཐོན་འཛིན་སྐྱོང་འཆར་གཞི་དགོ་པའི་ཁར་ འཐུང་ཆུ་བཀྲམ་སྤེལ་དང་ འགྱོ་ས་ དེ་ལས་ ཆུ་གཡུར་ཚུ་ ལེགས་ཤོམ་དགོཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

ཝམ་རོང་གི་ འཐབ་རྩོད་ནང་ མི་༣ ལུ་ ཉེས་འཛུགས་འབད་ཡོདཔ།

༉ བཀྲིས་སྒང་ཝམ་རོང་ལུ་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ འཐབ་འཛིང་བྱུང་མི་དེ་ནང་ དྲང་དཔོན་གྱི་ཨམ་དང་ ཕྱགས་བདར་བའི་གནས་ཚང་ དེ་ལས་ སློབ་ཕྲུག་བུཚ་ཅིག་ལུ་ ཉེས་འཛུགས་འབད་བའི་ སྣ་ཚོགས་སྙན་གསན་དེ་ ཁ་ཙ་ ཝམ་རོང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ ངང་ལམ་དྲུང་ཁག་ཁྲིམས་འདུན་གྱི་ …

Leave a Reply

Your email address will not be published. Required fields are marked *