གསོ་བའི་ལས་བྱེདཔ་ཚུ་གིས་ ཀོ་བིཌ་-༡༩ གི་ ནདཔ་བཞག་ཁང་ཚུ་ སྨན་ཆུ་གཏོར་ཐོག་ལས་ ཕྱགས་བདར་རྐྱབ་བའི་བསྒང་།

ཐིམ་ཕུག་ལུ་ ཀོ་རོ་ན་བའེ་རཱསི་ནད་འབུབ་ཐོབ་མི་ཚུ་ ག་ར་དྲག་ཡོདཔ།

༉ ཀོ་རོ་ན་བའེ་རཱསི་ནད་འབུབ་ཐོབ་མི་ལུ་བརྟེན་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྨན་བཅོས་ཐོག་ལུ་བཞག་མི་ནདཔ་ཚུ་ ག་ར་དྲག་སྟེ་ ལོག་སོང་ཡོདཔ་ལས་ ད་རེས་ ཀོ་བིཌ་-༡༩ འི་ ནད་ཁང་དེ་ སྟོངམ་ཐོན་ཡོདཔ་ཨིན་པས།
ནདཔ་ཚུ་གི་གྲས་ལས་ ནད་འབུབ་ལས་དྲག་སྟེ་ ཟུར་བཞག་ཁང་ནང་འགྱོ་མི་མཇུག་དེ་ དགེ་ལེགས་ཕུག་ལུ་ ནད་འབུབ་ཐོབ་མི་ སྐྱེས་ལོ་༢༥ ལང་མི་ བདེ་སྲུངཔ་ཕོ་སྐྱེས་དེ་ཨིནམ་བཞིན་དུ་ སྤྱི་ཟླ་༩ པའི་ཚེས་༡༤ ལུ་ དྲག་ཡོདཔ་ཨིན་པས།
སྐྱེ་ལྡན་ཕྲ་འབུབ་མཁས་མཆོག་ ཌོག་ཊར་མཚོ་སྐྱིད་ཀྱིས་ སླབ་མིའི་ནང་ སྤྱི་ཟླ་༤ པ་ལས་འགོ་བཙུགས་ སྨན་ཁང་གི་ ནདཔ་བཞག་སའི་ས་ཁོངས་དེ་ནང་ ནདཔ་ཆད་ནི་མེད་པར་ ལྷོད་ཡོདཔ་ལས་ བར་མཚམས་ཅིག་ལེན་དགོཔ་ ངེས་ཏིག་ཡོད་མི་དང་འཁྲིལ་ གོ་སྐབས་དེ་ ད་རེས་ཐོབ་ཅི་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁ་ཙ་ལས་འགོ་བཙུགས་ ས་ཁོངས་དེ་ནང་ ལཱ་འབད་སྡོད་མི་ གསོ་བའི་ལས་བྱེདཔ་ཚུ་གིས་ འཕྲོ་མཐུད་ དེ་ནང་ར་སྡོད་དེ་ ཁང་མིག་ཚུ་ ཕྱགས་བརྡར་རྐྱབ་དོ་ཡོདཔ་ད་ དེ་གི་ཤུལ་ལས་ ཁོང་ཆ་ཁྱབ་ ཟུར་བཞག་ནང་ འགྱོ་འོང་ཟེར་ཨིན་པས།
དུས་ཚོད་དེ་གི་སྐབས་ལུ་ གསོ་བའི་ལས་བྱེདཔ་ཚུ་གིས་ ད་ལྟོ་ཚུན་འབད་མི་ལཱ་ཚུ་ བསྐྱར་ཞིབ་འབད་ནི་དང་ འཆར་གཞི་བརྩམ་ནི་ དེ་ལས་ མ་འོངས་པའི་དོན་ལུ་ གྲ་སྒྲིག་འབད་ནི་ཨིན་ཟེར་ཨིན་པས།
དེ་མ་ཚད་ དབུགས་གཏོང་ལེན་ལྷན་ཐབས་འཕྲུལ་ཆས་ ཝེན་ཊི་ལེ་ཊར་ཚུ་ཡང་ ཧེང་སྐལ་བཙུགས་ནི་དང་ ཀོ་བིཌ་-༡༩ འི་ ནདཔ་བཞག་ཁང་དེ་ མིག་ཏོ་གི་སྨན་ཁང་ནང་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ ནད་གཞི་དེ་ འགོ་དང་པ་ ཐོན་པའི་སྐབས་ མིག་ཏོ་གི་སྨན་བཅོས་འཕྲུལ་ཆས་ ཁག་ཆེཝ་དག་པ་ཅིག་ཡང་ བསྡམ་སྟེ་ལུས་མི་ཚུ་ བཏོན་ནི་ཨིན་པས།
དེ་ལས་ ནད་འབུབ་ལས་དྲག་སྟེ་ ཟུར་བཞག་ཁང་ནང་སོང་མི་ ནདཔ་ཕོ་སྐྱེས་གཉིས་པ་དེ་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ཟུར་བཞག་ནང་ བཏང་ཡོདཔ་མ་ཚད་ སྤྱི་ཟླ་༩ པའི་ཚེས་༡༤ ལུ་ གཞན་ཡང་ སྐྱེས་ལོ་༦༨ འབད་མི་ ཕོ་སྐྱེས་དེ་དང་ སྐྱེས་ལོ་༦༠ དང་༤༠ འབད་མི་ ཨམ་སྲུ་༢ ཡང་ ནད་འབུབ་ལས་དྲག་པའི་ཤུལ་ལས་ ཟུར་བཞག་དུས་ཡུང་ཚང་སྟེ་ ལོག་ཁྱིམ་ནང་ བཏང་ཡོདཔ་ཨིན་པས།
ཐིམ་ཕུག་སྨན་ཁང་གི་ སྨན་བཅོས་སྡེ་འཛིན་ ཌོག་ཊར་སྒོ་ས་སྤེན་པ་གིས་ སླབ་མིའི་ནང་ ནད་འབུབ་ཐོབ་མི་ཚུ་དང་གཅིག་ཁར་ ཁང་མིག་ནང་ ལཱ་འབད་བའི་སྐབས་ གསོ་བའི་ལས་བྱེདཔ་ཚུ་ལུ་ ཚ་གྱང་སྦོམ་སྦེ་ར་ ཕོག་དོ་ཡོདཔ་ལས་ ད་རེས་ ནདཔ་ཚུ་ག་ར་དྲག་སྟེ་ བཏང་ཚུགས་མི་དེ་ ངལ་འཚོ་ནིའི་གོ་སྐབས་ ལེགས་ཤོམ་ཅིག་ཨིན་ཟེར་ཨིན་པས།
ད་ལས་ཕར་ དུས་ཡུན་དུམ་གྲ་ཅིག་གི་རིང་ ནད་འབུབ་ཐོབ་པའི་གནད་དོན་ཚུ་ མི་འཐོན་ནིའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
སྡེ་འཛིན་གྱིས་ སླབ་མིའི་ནང་ ད་ལྟོ་ཚུན་ ཨེ་མི་རི་ཀའི་ལྟ་བཤལཔ་ ཕོ་སྐྱེས་དེ་ རྐྱངམ་གཅིག་མ་གཏོགས་ གཞན་ནད་འབུབ་ཐོབ་མི་ག་ཡང་ ནདཔ་ཚབས་ཆེན་བཞག་སའི་ ཁང་མིག་ནང་ བཙུགས་དགོཔ་མ་ཐོནམ་ལས་ ལེགས་ཤོམ་སོང་རུང་ ཁོང་༢ དེ་ཅིག་ལུ་ སྲོག་རླུང་ཨོག་སི་ཇན་གྱི་ ལྷན་ཐབས་བཙུགས་དགོཔ་ཐོན་ཡི་ཟེར་ཨིན་པས།
ཌོག་ཊར་མཚོ་སྐྱིད་ཀྱིས་ བཤད་མིའི་ནང་ ནདཔ་ཚུ་གིས་ རྐྱང་གནས་ནང་ དུས་ཡུན་རིང་ཤོས་ར་ ཉིན་གྲངས་༤༨ དང་ ཉུང་ཤོས་ བདུན་ཕྲག་༡ སྡོད་ཡི་ཟེར་ཨིན་པས།
ད་ལྟོ་ཚུན་ ཐིམ་ཕུག་སྨན་ཁང་ནང་འབད་བ་ཅིན་ གསོ་བའི་ལས་བྱེདཔ་༢༢༤ གིས་ ཀོ་བིཌ་-༡༩ ཐོབ་མི་ ནདཔ་ཚུ་ལུ་ སྨན་བཅོས་འབད་ནིའི་ནང་ གྲལ་གཏོགས་འབད་ཡོདཔ་ད་ དགེ་ལེགས་ཕུག་སྨན་ཁང་ནང་༤༠ ཕུན་ཚོགས་གླིང་ལུ་༧༢ དེ་ལས་ མོང་སྒར་ལུ་༡༢ ཀྱིས་ གྲལ་གཏོགས་འབད་དེ་ ཡོད་ཟེར་ཨིན་པས།
དེ་དང་འཁྲིལ་ སྤྱིར་བཏང་ཀོ་བིཌ་ལྟེ་བ་༤ ཡོད་མི་ག་ར་ལུ་ ནད་འབུབ་ཐོབ་མི་ཚུ་དང་ འབྲེལ་བ་འཐབ་སྟེ་ སྨན་བཅོས་འབད་ནིའི་ ཉམས་མྱོང་ཐོབ་སྟེ་ཡོད་ཟེར་ཨིན་པས།
ཁོང་ཆ་ཁྱབ་ཀྱི་གྲས་ལས་ ལ་ལོ་ཅིག་གིས་ ནད་འབུབ་ཐོབ་མི་ཚུ་དང་གཅིག་ཁར་ སྐོར་ཐེངས་༢ རེ་ཡང་ ལཱ་འབད་ཡོདཔ་ཨིན་པས།
ཌོག་ཊར་མཚོ་སྐྱིད་ཀྱིས་ བཤད་མིའི་ནང་ ཕྱིའི་རྒྱལ་ཁབ་ཚུ་ནང་འབད་བ་ཅིན་ ནདཔ་ཚུ་གིས་མ་ཚད་ གསོ་བའི་ལས་བྱེདཔ་ཚུ་ཡང་ ལེ་ཤ་ཅིག་ལུ་ར་ ཤིང་རྐྱེན་བྱུང་ཡོདཔ་ཨིན་རུང་ འབྲུག་ལུ་ སྒྲིག་གཞི་དང་ ལམ་སྟོན་ཚུ་ སྒྲིང་སྒྲི་ཡོད་མི་ལུ་བརྟེན་ དེ་བཟུམ་མའི་གནད་དོན་ ཕུད་རྡོག་༡ ཡང་ མ་ཐོན་མི་ལུ་ སེམས་དགའ་ཡི་ཟེར་ཨིན་པས།
སྡེ་ཚན་རེ་ནང་ དེད་གཡོགཔ་དང་ གློག་པར་བཏབ་མི་ ཕྱགསམ་འཕྱག་མི་ སྨན་གཡོགམོ་ ཁང་མིག་ལས་གཡོགཔ་ དེ་ལས་ ཌོག་ཊར་ཚུ་ཡོདཔ་ཨིན་རུང་ གདོང་ཁར་ཐོན་ཏེ་ ལཱ་འབད་མི་ཚུ་ རྐྱངམ་གཅིག་མེན་པར་ ཁོང་གི་རྒྱབ་ལས་ཡང་ ཤུགས་བཏོན་ཏེ་ ལཱ་འབད་མི་སྡེ་ཚན་ཚུ་ཡང་ ཡོད་ཟེར་ཨིན་པས།
ད་རེས་ ཀོ་བིཌ་-༡༩ ཐོབ་མི་ནདཔ་ དགེ་ལེགས་ཕུག་ལུ་༡ དང་ མོང་སྒར་ལུ་༤ ཕུན་ཚེོགས་གླིང་ལུ་༣༤ ཡོདཔ་ཨིན་པས།
ད་རུང་ དགེ་ལེགས་ཕུག་ལུ་ གཞན་མི་༣༤ རྐྱང་གནས་ལས་ ཟུར་བཞག་ནང་ བཏང་ཡོདཔ་ཨིན་པས།
ཨིན་རུང་ མི་སེར་ཚུ་གིས་ རྒྱལ་ཁབ་ནང་ ནད་འབུབ་ལས་དྲག་མི་ གནས་སྟངས་ལུ་ལྟ་སྟེ་ སྣང་མེད་སྦེ་ སྡོད་ནི་མེན་པར་ རིགཔ་བསྒྱིམ་སྟེ་ར་ སྡོད་དགོཔ་ཁག་ཆེ་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

 

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *