ཐིམ་ཕུག་ཁྲོམ་ཁར་ ཆུ་ཤོག་དང་ གྱིབ་ཤོག་ཚུ་ ལག་ལེན་འཐབ་བཞིན་དུ་ཡོདཔ།

༉ རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ཀྱིས་ ཆུ་ཤོག་ལག་ལེན་བཀག་དམ་ ལོག་བསྟར་སྤྱོད་ འགོ་བཙུགས་ཏེ་ ཟླཝ་༧ དེ་ཅིག་ ལང་ཡོད་རུང་ བཟའ་ཆས་ཚོང་ཁང་དང་ ཚོད་བསྲེ་ཁྲོམ་ཁར་ དེ་ལས་ ཚོང་ཁང་གཞན་ཚུ་ནང་ ཆུ་ཤོག་དང་ གྱིབ་ཤོག་གི་ ཕད་ཅུང་ཚུ་ སྔར་ག་ཨིནམ་སྦེ་ ལག་ལེན་འཐབ་བཞིན་དུ་ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༤ པའི་ནང་ ལྷན་ཚོགས་ཀྱིས་ རྡོག་མ་དང་ ཁྱེགས་ཟས་ཚུ་ ཆུ་ཤོག་གིས་ སྤུར་མ་ཆོགཔ་སྦེ་ བཟོ་ཡོད་རུང་ ད་རེས་ མི་ཚུ་གིས་ བཀག་དམ་དེ་ ཕན་ནུས་ག་དེམ་ཅིག་ཡོདཔ་ཨིན་ནའི་ དྲི་བ་སྣ་ཚོགས་ བཀོདཔ་ཨིན་པས།
མང་ཤོས་ཅིག་གིས་ སླབ་མིའི་ནང་ ཆུ་ཤོག་བཀག་དམ་དེ་ ལེགས་ཤོམ་སྦེ་ བསྟར་སྤྱོད་འབད་མ་ཚུགསཔ་ལས་ བཀག་དམ་ལུ་ དོགས་པ་ཡང་ ཆགས་དོ་ཟེར་ཨིན་པས།
ཤོག་གུ་གིས་ བཙུགས་སྣོད/ཧོད་ཐོན་སྐྱེད་འབད་མི་ ཚོང་པ་ཚུ་གིས་འབད་བ་ཅིན་ ལྷན་ཚོགས་ཀྱིས་ ཆུ་ཤོག་ལག་ལེན་བཀག་དམ་འབད་མི་དེ་ མཐར་འཁྱོལ་ཅན་ཅིག་ བྱུང་མ་ཚུགས་པས་ཟེར་ཨིན་པས།
ཚོང་འབྲེལ་པ་༣ གྱིས་ ཆུ་ཤོག་གི་ཚབ་སྦེ་ ཐབས་ཤེས་སོ་སོར་ བཏོན་ནིའི་དོན་ལུ་ ཁྲོམ་ཁར་སོང་སྟེ་ བརྟག་ཞིབ་འབད་བའི་སྐབས་ མཁོ་འདོད་བཀོད་མི་ མངམ་ཡོད་པའི་ཁར་ ཚོང་འབྲེལ་གྱི་ འོས་འབབ་སྦོམ་མཐོང་ནུག།
ཚོང་འབྲེལ་པ་ ཀརྨ་པི་ལ་རང་གྲོལ་གྱིས་ སླབ་མིའི་ནང་ མ་གཞི་ ཤོག་གུའི་ཚོང་འབྲེལ་གཞན་འཐབ་ནིའི་ གནས་སྐབས་ཡོད་རུང་ རྒྱལ་ཁབ་ནང་ ཆུ་ཤོག་ལག་ལེན་འཐབ་ནི་ བཀག་དམ་འབད་མི་ལུ་བརྟེན་ ཤོག་གུའི་བཙུགས་ཧོད་བཟོ་ནི་ལུ་ གཙོ་རིམ་བཟུང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཞིབ་འཚོལ་ཅིག་འབད་བའི་སྐབས་ ཚོང་པ་མང་ཤོས་ཀྱིས་ ཤོག་གུའི་བེག་དེ་ མཁོ་འདོད་བཀོད་མི་ལུ་བརྟེན་ བཙུགས་ཧོད་ཀྱི་ ཚོང་འབྲེལ་འཐབ་ནི་སྦེ་ ཐག་བཅད་ཅི་ཟེར་ཨིནམ་ད་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡.༩ བཏང་ཐོག་ལས་ བཟོ་གྲྭ་ཁང་གཞི་བཙུགས་དང་ རྒྱ་གར་ལས་ ལོག་བཀོལ་སྤྱོད་བཏུབ་པའི་ ཤོག་གུ་ཅ་ཆས་ཚུ་ མཁོ་སྒྲུབ་འབད་ནིའི་ བྱ་རིམ་ཚུ་ འབད་ཚར་ཏེ་ཡོདཔ་བཞིན་དུ་ གྲ་སྒྲིག་འབད་ནི་ལུ་ ཟླཝ་༦ དེ་ཅིག་ འགོར་ཡོདཔ་ཨིན་པས།
ཨིན་རུང་ ཁོང་གིས་ ཐོན་སྐྱེད་འབད་དེ་ ཚོང་འབྲེལ་འཐབ་ནི་ འགོ་བཙུགས་པའི་སྐབས་ ཉོ་མི་གངམ་མ་ཐོན་ཟེར་ བཤདཔ་ཨིན་པས།
ཚོང་འབྲེལ་པ་གཞན་ ཀུན་དགའ་ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ ཁྲོམ་ཁར་ཆུ་ཤོག་ཚུ་ ལག་ལེན་འཕྲོ་མཐུད་འཐབ་མི་ལུ་བརྟེན་ ཁོང་གི་ཚོང་འབྲེལ་དེ་ མཐར་འཁྱོལ་ཅན་ཅིག་ བྱུང་མ་ཚུགས་ཟེར་ཨིན་པས།
ང་བཅས་ཀྱིས་ ལཱ་འགོ་བཙུགས་པའི་སྐབས་ ཆུ་ཤོག་ལག་ལེན་ བཀག་དམ་དེ་ ལོག་བསྟར་སྤྱོད་འབད་ནི་ འགོ་བཙུགས་ཡོདཔ་ལས་ ཚོང་མགྲོན་པ་ཚུ་ལས་འབད་རུང་ ཐོན་སྐྱེད་ཉོ་ནི་ལུ་ ངོས་ལེན་ལེགས་ཤོམ་ བྱུང་ཡོདཔ་ཨིན་རུང་ ཐོན་སྐྱེད་ཚུ་ ཁྲོམ་ཁར་བཙོང་ནི་ འགོ་བཙུགསཔ་ད་ མི་སེར་ཚུ་ ཆུ་ཤོག་བཀག་དམ་འབད་ཡོད་མེད་ལུ་ དོགས་པ་ཆགས་སར་ མཐོང་ཅི་ཟེར་ ཀུན་དགའ་ལྷུན་གྲུབ་ཀྱིས་ བཤདཔ་ཨིན་པས།
ད་རེས་ བཟའ་ཆས་ཚོང་ཁང་རེ་གཉིས་ཀྱིས་མ་གཏོགས་ ཚོང་ཁང་གཞན་ག་ར་གིས་ ཆུ་ཤོག་དེ་ ལག་ལེན་འཐབ་བཞིན་དུ་ཡོདཔ་ད་ ཆུ་ཤོག་ཚུ་ཡང་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལས་ ནང་འདྲེན་དང་ ནག་ཚོང་ཐོག་ འབག་འོང་མི་ཚུ་ཨིན་པས།
ཚོང་འབྲེལ་པ་ཅིག་གིས་ སླབ་མིའི་ནང་ ཁྲོམ་ཁ་ལུ་ ཁོང་རའི་ཐོན་སྐྱེད་ཚུ་ བཙོང་པའི་སྐབས་ ཚོང་པ་ཚུ་གིས་ ཚོང་མགྲོན་པ་ཚུ་ལས་ ཆུ་ཤོག་ལག་ལེན་འཐབ་ནི་ལུ་ མཁོ་འདོད་བཀོད་མི་ མངམ་ཡོདཔ་ལས་ ཐབས་ར་མེདཔ་སྦེ་ སླབ་མས་ཟེར་ཨིན་པས།
ཚོང་པ་གིས་འབད་བ་ཅིན་ ཆུ་ཤོག་བཀག་དམ་དེ་ ནུས་ཤུགས་ཅན་ཅིག་ མ་མཐོངམ་ལས་ ཆུ་ཤོག་ལག་ལེན་འཐབ་ནི་ འགོ་བཙུགས་ཡོདཔ་ད་ ཚོང་འབྲེལ་པ་གཞན་ཅིག་གིས་ བཤད་མིའི་ནང་ ཆུ་ཤོག་མེན་པའི་ བཙུགས་ཧོད་ཐོན་སྐྱེད་ ཚོང་འབྲེལ་དེ་ ཆུ་ཤོག་བཀག་དམ་འབད་མི་ལུ་བརྟེན་ བཀག་ཆ་འབད་དགོཔ་བྱུང་མི་དེ་ཡང་ བཙུགས་ཧོད་དེ་ལུ་ ཆུ་ཤོག་ཡོད་ནི་དེ་གིས་ཨིན་པས།
ཁྲོམ་ཁར་ཆུ་ཤོག་བེག་ཚུ་ ལག་ལེན་འཐབ་བཞིན་དུ་ཡོདཔ་ལས་ ཁོ་གི་ ཚོང་འབྲེལ་བཀག་ཆ་འབད་མི་དེ་ལུ་ ཧ་གོ་མ་ཚུགས་ཟེར་ བཤད་པའི་ཁར་ ད་རེས་ གྱོང་རྒུད་སྦོམ་སྦེ་ར་ ཕོག་སྟེ་ཡོད་ཟེར་ཨིན་པས།
རང་བཞིན་གནས་སྟངས་གཙོ་འཛིན་ འཕྲིན་ལས་རྣམ་རྒྱལ་གྱིས་ སླབ་མིའི་ནང་ མ་གཞི་ ལྷན་ཚོགས་ཀྱིས་ ལྟ་རྟོག་དང་ བཀག་ཆ་འབད་མི་དེ་ ཕན་ནུས་ཅན་ཅིག་ མ་བྱུང་རུང་ ཆུ་ཤོག་ལག་ལེན་འཐབ་ནི་དེ་ བཀག་འཛིན་འབད་བཞིན་དུ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྟབས་མ་བདེཝ་ བྱུང་མི་ལུ་བརྟེན་ ཚོང་པ་ཚུ་གིས་ ཧེ་མ་ལས་ ཉོ་བཞག་མི་ ཆུ་ཤོག་ཚུ་ ལག་ལེན་འཐབ་བཅུག་དོ་ཟེར་ཨིནམ་ད་ ང་བཅས་ལུ་ ཆུ་ཤོག་ལག་ལེན་སྐོར་ལས་ ཤེས་རྟོགས་བྱུང་སྟེ་ཡོད་རུང་ དམ་དམ་སྦེ་ ལྟ་རྟོག་མ་འབད་བར་ཡོད་ཟེར་ བཤདཔ་ཨིན་པས།
ཚོང་ཁང་དག་པ་ཅིག་ནང་ ལྟ་རྟོག་འབད་བའི་སྐབས་ ཧེ་མ་ལས་ ཉོ་བཞག་མི་ ཆུ་ཤོག་ཚུ་ མཇུག་མ་བསྡུ་བར་ མཐོང་ཡོདཔ་བཞིན་དུ་ ལ་ལོ་གིས་ ཚུལ་མིན་ཐོག་ལས་ ལག་ལེན་འཐབ་དོ་ཡོདཔ་ལས་ ལྟ་རྟོག་འབད་ནི་ལུ་ ལཱ་ཁག་འདུག་ཟེར་ འཕྲིན་ལས་རྣམ་རྒྱལ་གྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ གནད་དོན་དེ་ མཐར་འཁྱོལ་འབྱུང་ཚུགས་ཚུགས་ལུ་ དུས་ཚོད་འགོར་ནི་ཨིན་རུང་ བཀག་དམ་དམ་དེ་ ནུས་ཤུགས་ཅན་དང་ སྒྲིང་སྒྲི་བཟོ་འོང་ཟེར་ཨིན་པས།
ལྷན་ཚོགས་ཀྱིས་ གོ་བརྡ་སྤྲོད་ནི་དང་ གདམ་ཁ་གཞན་བལྟ་ནི་ལུ་ གྲོས་འཆར་བཙུགས་ནི་གི་ ལཱ་ཚུ་འབད་དོ་ཡོདཔ་ད་ ད་རེས་ ཆུ་ཤོག་ལག་ལེན་འཐབ་ནི་ བཀག་དམ་འབད་མི་ལུ་བརྟེན་ ཆུ་ཤོག་ལག་ལེན་ བརྒྱ་ཆ་༣༠ དེ་ཅིག་ མར་ཕབ་སོང་སྟེ་ཡོད་ཟེར་ འཕྲིན་ལས་རྣམ་རྒྱལ་གྱིས་ བཤད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

འབྲུག་རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་གྱིས་ ཨང་༢ པ་ཐོན་ཡོདཔ།

༉ ཁ་ཙ་ ནེ་པཱལ་པོ་ཁ་ར་ལུ་སྦེ་ འབྲུག་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་དང་ ནེ་པཱལ་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་གྱི་ མཐའ་བཅད་འགྲན་བསྡུར་འབདཝ་ད་ འབྲུག་གིས་གཱོལ་༡ དང་ ནེ་པཱལ་གྱིས་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི། རྩེད་འགྲན་འགོ་བཙུགས་ཏེ་ …

Leave a Reply

Your email address will not be published. Required fields are marked *