ཐིམ་ཁྲོམ་གྱི་ ལྷོ་དང་བྱང་ཕྱོགས་ལུ་ ཕྱགས་སྙིགས་བཀོག་སའི་ ས་ཁོངས་༥ རེ་ བཟོ་ནི།

༉ རྒྱལ་ཡོངས་ཕྱགས་སྙིགས་འཛིན་སྐྱོང་གི་ དམིགས་བསལ་ལས་རིམ་འོག་ལུ་ ཐིམ་ཕུག་ཁྲོམ་སྡེའི་ ལྷོ་དང་བྱང་ཁ་ཐུག་ལུ་ ཕྱགས་སྙིགས་བཀོག་སའི་ ས་ཁོངས་༥ རེ་ བཟོ་སྐྲུན་འབད་ནི་ཨིན་པས།
དེ་གི་དོན་ལུ་ འཆར་དངུལ་ དངུལ་ཀྲམ་ས་ཡ་༥.༦༡༥ བཞག་མི་ལས་ ད་ཚུན་ བརྒྱ་ཆ་༩༩ དེ་ཅིག་ ལག་ལེན་ འཐབ་ཚར་ཡོདཔ་ཨིན་པས།
སེམས་རྟོགས་ཁ་དང་ བར་སྦིས་ས་ ལྕང་ཟམ་ཏོག་ དེ་ལས་ ལུང་བསྟན་ཕུག་གི་ ས་ཁོངས་བཟོ་བཀོད་ཚུ བཟོ་ཚར་ཡོདཔ་ཨིན་པས།
དེ་ལས་ གྲོང་གསེབ་ནང་ ཕྱགས་སྙིགས་བསྡུ་བསྒྱོམ་མཐུན་རྐྱེན་༤༧ དང་ སློབ་གྲྭ་དང་ གྲྭ་ཚང་གི་གཙུག་སྡེ་༡༠ གྱི་ ས་ཁོངས་བཟོ་ནིའི་ འཆར་གཞི་ཡོདཔ་བཞིན་དུ་ བཟོ་བཀོད་ཚུ་ བཟོ་ཚར་ཡོདཔ་ཨིན་པས།
ལྕང་རྒེད་འོག་གི་ ཕྱགས་སྙིགས་བསྡུ་བསྒྱོམ་མཐུན་རྐྱེན་ལྟེ་བའི་ མོ་བཏབ་དེ་ འགོ་བཙུགས་ཡོདཔ་ད་ དེ་ནང་ རུལ་བཏུབ་མི་དང་ རུལ་མ་བཏུབ་མི་ དེ་ལས་ ཉེན་ཁ་ཡོད་མི་དང་ ཕྱགས་སྙིགས་སྐམ་ཚུ་ བཀོག་ས་སོ་སོར་སྦེ་ཡོདཔ་ད་ གཞན་ཡང་ ཤིང་ཆས་དང་ རག་རོ་བཀོག་ས་ཡང་ སོ་སོར་སྦེ་ ཡོདཔ་ཨིན་པས།
ཁྲོམ་སྡེ་ནང་ཡོད་མི་ ཕྱགས་སྙིགས་བཀོག་སའི་ ས་ཁོངས་ཚུ་ ངོ་མ་ར་ མི་ཚུ་གིས་ ཕྱགས་སྙིགས་ཕྱི་སེལ་རྐྱབ་ནིའི་ནང་ མནོ་ལུགས་ཡར་དྲག་གཏང་ནིའི་ དམིགས་གཏད་ཡོདཔ་ཨིན་པས།
ཐིམ་ཕུག་རྫོང་ཁག་ནང་ ཕྱགས་སྙིགས་བསྡུ་བསྒྱོམ་མཐུན་རྐྱེན་༤༧ ཡོདཔ་ད་ རྒེད་འོག་ཚུ་གི་གྲས་ལས་ སྨད་ཝང་རྒེད་འོག་ནང་༢༣ ཡོད་མི་དེ་ མཐོ་ཤོས་ཨིན་པས།
ཐིམ་ཕུག་ནང་འཁོད་ཀྱི་ ཕྱགས་སྙིགས་བསྡུ་བསྒྱོམ་མཐུན་རྐྱེན་༡༩ དང་ ཕྱགས་སྙིགས་བཀོག་ས་༥ པོ་དེ་ ཟླཝ་༤ དང་༥ གི་ནང་འཁོད་ལུ་ རྐྱབ་ཚར་འོང་ཟེར་ རང་བཞིན་གནས་སྟངས་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ བློན་ཆེན་དང་གཅིག་ཁར་ གནད་དོན་དེ་གི་ཐོག་ལུ་ གྲོས་བསྡུར་འབད་བའི་སྐབས་ བཤད་ཅི།
ལས་རིམ་དེ་གི་དོན་ལུ་ མི་མང་ལུ་ གོ་བརྡ་སྤྲོད་ནིའི་དོན་ལུ་ འཁྲབ་རྩོདཔ་དང་ གཞུང་མིན་ལས་ཚོགས་ དེ་ལས་ གཞན་ཡོངས་གྲགས་ཡོད་མི་ཚུ་དང་གཅིག་ཁར་ ལས་རིམ་འགོ་འདྲེན་འཐབ་ནིའི་དོན་ལུ་ གྲ་སྒྲིག་འབད་ཚར་ཡོདཔ་ཨིན་པས།
ཕྱགས་སྙིགས་ཀྱིས་ ལུད་བཟོ་ནིའི་ཐད་ཁར་ ནང་འཁོད་ལས་ མི་༣ དང་རྒྱལ་སྤྱི་ལས་༡ གིས་ ལུད་བཟོ་ཁང་ བཟོ་ནིའི་དང་འདོད་ཡོདཔ་སྦེ་ གྲོས་འདེབས་བཙུགས་མི་ ཐོན་ཡོདཔ་ཨིན་པས།
ཉེན་ཁ་ཆེ་བའི་ ཕྱགས་སྙིགས་དང་ རྫས་སྦྱོར་ དེ་ལས་ སྨན་རིགས་ཀྱི་ཕྱགས་སྙིགས་དོན་ལུ་ སྤྱི་ལོ་༢༠༢༠ དང་༢༠༢༡ ལུ་ འཆར་དངུལ་ དངུལ་ཀྲམ་ས་ཡ་༨༥.༧ ཡོདཔ་ཨིན་པས།
དེ་ལས་ ནད་ཡམས་ཀྱིས་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་དེ་ ཚོང་བསྒྱུར་འཐབ་མི་ཚུ་ལུ་ གཞུང་ལས་ གྲོགས་རམ་ག་ཅི་འབད་དགོཔ་ཨིན་ནའི་ གྲོས་འདེབས་བཙུགས་དགོཔ་སྦེ་ སླབ་ཅི་ཟེར་ འགོ་དཔོན་ཚུ་གིས་ བཤད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

གནམ་གཤིས་འགྱུར་བགྲོད་ཀྱིས་ སྐྱེ་ལྡན་རིགས་སྣ་ལུ་གནོད་ཉེན།

༉ རྒྱལ་སྤྱི་འཛམ་གླིང་ནང་ སྐྱེ་ལྡན་རིགས་སྣ་༡༡,༠༠༠ དེ་ཅིག་ཡོད་མི་ལས་ འབྲུག་རྒྱལ་ཁབ་འདི་ སྐྱེ་ལྡན་རིགས་སྣ་གིས་ ཕྱུག་མི་ཅིག་ཨིནམ་ད་ རྒྱལ་ཁབ་ཀྱི་ས་ཁོངས་དང་ སའི་ཆགས་ཚུལ་ སའི་དབྱིབས་དང་འཁྲིལ་ ཤིང་སྣ་དང་ སྲོག་ཆགས་སྣ་ཚོགས་ཀྱིས་ གང་ཡོདཔ་ཨིན། ཨིན་རུང་ འཛམ་གླིང་གངས་ལྗོངས་ནང་ …

Leave a Reply

Your email address will not be published. Required fields are marked *