ཐའི་ལེནཌ་གི་ དུས་སྟོན་མཇུག་བསྡུ་ཡོདཔ།

༉ ཐིམ་ཕུག་ ན་གཞོན་གོང་འཕེལ་མ་དངུལ་གྱི་ སྤྱི་དོན་ཁང་ནང་སྦེ་ འབྲུག་དང་ ཐའི་ལེནཌི་གི་ དུས་སྟོན་འགོ་དང་པ་ འགོ་འདྲེན་འཐབ་མི་དེ་ ཁ་ཙ་ མཇུག་བསྡུ་ཡི།

ཉིན་གྲངས་༣ གྱི་རིང་ འགོ་འདྲེན་འཐབ་མི་ དུས་སྟོན་དེ་ རྒྱལ་བརྒྱུད་རྒྱལ་ཁབ་༢ ཀྱི་བར་ན་ མཐུན་ལམ་དང་ སྲོལ་རྒྱུན་གྱི་ཆོས་ ཆ་མཚུངས་ཡོད་མི་ དེ་ལས་ གོང་འཕེལ་དང་འབྲེལ་བའི་ མཉམ་འབྲེལ་གྱི་ གནད་དོན་ཚུ་ནང་ འཕྲོ་མཐུད་དེ་ར་ ཡར་དྲག་སོང་བའི་ བརྡ་མཚོན་ལུ་ བརྩི་སྲུང་འབད་ནུག།
དུས་སྟོན་སྐབས་ མི་མང་ལུ་ རྒྱལ་ཁབ་༢ ཀྱི་ རང་ལུགས་ཀྱི་བཞེས་སྒོ་དང་ འབུ་རས་ བསིལ་ཆུའི་ཐོན་སྐྱེད་ ཞབས་ཁྲ་ དེ་ལས་ ཐའི་ལེནཌི་གི་ མཛོག་ཁྱད་རྩེདམོ་ཚུ་ འགྲེམས་སྟོན་འབད་བའི་ཁར་ ཐའི་ལེནཌི་གི་ ཌོག་ཊར་ཚུ་གིས་ རིན་མེད་སྟོང་པར་སྦེ་ སྤྱིར་བཏང་ གསོ་བའི་ཞིབ་དཔྱད་དང་ ཀེན་སར་ དོན་ཧིང་ ཨོལ་ལྐོག་ རྣམ་ཅོ་ལ་སོགས་པའི་ ཞིབ་དཔྱད་ཚུ་ཡང་ འབད་ཡོདཔ་ཨིན་པས།
ཕྱི་འབྲེལ་བློན་པོ་ དམ་ཆོས་རྡོ་རྗེ་གིས་ གསུངས་མིའི་ནང་ དུས་སྟོན་དེ་ཡང་ རྒྱལ་ཁབ་༢ ཀྱི་བར་ན་ མཐུན་ལམ་དམ་ཟབ་ཡོད་པའི་ རྟགས་མཚན་ཅིག་ཨིན་པའི་ཁར་ ཐའི་ལེནཌི་དང་ འབྲུག་གི་ སྔར་སྲོལ་ལམ་ལུགས་དང་ རྒྱལ་བརྒྱུད་ཀྱི་རིང་ལུགས་ དེ་ལས་ རྒྱལ་ཁབ་༢ ཀྱི་ རེ་བ་དང་རེ་འདོད་ དེ་ལས་ གདོང་ལེན་ཚུ་ཡང་ ཆ་འདྲ་སུ་སྦེ་ ཡོད་ཟེར་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ ཐའི་ལེནཌི་གི་ དཔལ་འབྱོར་རང་ལྡང་གི་ལྟ་བ་དང་ འབྲུག་གི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་ གོང་འཕེལ་སོང་མི་ལུ་བལྟ་བ་ཅིན་ རྒྱལ་ཁབ་༢ ཀྱི་ ཟུང་ཕྱོགས་ཀྱི་ མཐུན་ལམ་དེ་ དམ་ཟབ་སོང་ཡོད་པའི་ རྟགས་མཚན་ཅིག་ ཨིན་མས་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ དཔལ་འབྲུག་ཞིབ་དཔྱད་ལྟེ་བ་ དེ་ལས་ མི་སྡེ་ལས་ཁང་གི་ འགོ་དཔོན་ཚུ་ དཔལ་འབྱོར་རང་ལྡང་དེ་ དོན་སྨིན་ཅན་སྦེ་ ལག་ལེན་འཐབ་ནིའི་དོན་ལུ་ ཐའི་ལེནཌི་གི་ དཔལ་འབྱོར་རང་ལྡང་ལྟེ་བའི་ནང་ ཤེས་ཡོན་ལྟ་སྐོར་ནང་ སོང་ཡོདཔ་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ ཐའི་ལེནཌི་རྒྱལ་སྤྱིའི་ལས་སྡེ་གི་ རྒྱབ་སྐྱོར་ཐོག་ལུ་ རྒྱལ་ཁབ་ཀྱིས་ མི་སྟོབས་གོང་འཕེལ་གྱི་ རྒྱབ་སྐྱོར་ཚུ་ ཐའི་ལེནཌི་གི་ གཙུག་ལག་སློབ་སྡེ་ཚུ་ནང་ ཐོབ་བཞིན་དུ་ཡོད་པའི་ཁར་ སྦྱོང་བརྡར་ཚུ་གིས་ འབྲུག་མི་ཚུ་ལུ་ ཕན་ཐོགས་སྦོམ་སྦེ་ར་ བྱུང་སྟེ་ཡོད་ཟེར་ཨིན་པས།
ཐའི་ལེནཌི་གི་ བློན་ཆེན་འོག་མ་ གུང་བློན་ཏ་ན་སག་ པ་ཏི་མ་པར་གཱོན་གྱིས་ བཤད་མིའི་ནང་ དུན་སྟོན་དེ་ཡང་ རྒྱལ་ཁབ་༢ ཀྱི་བར་ན་ མཐུན་ལམ་དམ་ཟབ་ཡོད་པའི་ བརྡ་མཚོན་ལུ་ཨིན་ཟེར་ཨིནམ་ད་ འབྲུག་མི་ཚུ་གིས་ ཐའི་ལེནཌི་ནང་ མ་ལྷོད་མི་ཚུ་གི་དོན་ལུ་ དུས་སྟོན་དེ་གིས་ སྤྲོ་བ་སྦོམ་སྦེ་ར་ བསྐྱེད་ཚུགས་ཟེར་ཨིན་པས།
དུས་སྟོན་སྐབས་ འབྲུག་ལྟ་བཤལ་ཚོགས་སྡེ་དང་ ཐའི་ལེནཌི་ལྟ་བཤལ་ཚོགས་སྡེ་ ཐའི་ལེནཌི་གི་ ལྟ་བཤལ་དང་ རྩེད་རིགས་ལྷན་ཁག་ དེ་ལས་ འབྲུག་ཨོ་ལོམ་པིག་ཚོགས་སྡེ་ཚུ་གི་བར་ན་ཡང་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་ཅིག་ཡང་ བཀོད་ཡོདཔ་ཨིན་པས།
འབྲུག་ལྟ་བཤལ་ཚོགས་སྡེའི་མགྲིན་ཚབ་ དམ་ཆོས་རིག་འཛིན་གྱིས་ སླབ་མིའི་ནང་ ཆིངས་ཡིག་དེ་གིས་ རྒྱལ་ཁབ་༢ ནང་ ཚོང་འབྲེལ་འཚོལ་ཞིབ་འབད་ནིའི་ གོ་སྐབས་བཟོ་ཚུགས་ནི་ལུ་ ལྷན་ཐབས་འབད་ནི་ཨིནམ་མ་ཚད་ ལྟ་བཤལ་གོང་འཕེལ་གཏང་ནི་ལུ་ཡང་ ཁེ་ཕན་འབྱུང་ཚུགས་ནི་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ ཆིངས་ཡིག་དེ་གིས་ རྒྱལ་ཁབ་༢ ཀྱི་བར་ན་ ལས་རིམ་དང་ ཉམས་མྱོང་བརྗེ་སོར་འབད་ནི་དང་ རིག་རྩལ་ ཐབས་བྱུས་ དེ་ལས་ གྲོས་འཛོམས་ལ་སོགས་པ་ཚུ་ འགོ་འདྲེན་འཐབ་ཐོག་ལས་ རྩེད་རིགས་ནང་ ཞིབ་འཚོལ་འབད་ནི་ལུ་ ཕན་ཐོགས་འབྱུང་ཚུགས་ནི་ཨིན་པས།
དུས་སྟོན་འགོ་འབྱེད་དེ་ཡང་ མི་དབང་རྒྱལ་བཙུན་མཆོག་གིས་ དབུ་བཞུགས་མཛད་གནང་ཡོདཔ་ད་ དུས་སྟོན་ནང་ ཐའི་ལྟ་བཤལ་དང་ རྩེད་རིགས་བློན་པོ་ ཀོབ་ཀཱན་ ཝ་ཏཱ་ནཱབ་རང་ཀཱུལ་ ཐའི་ལེནཌི་གི་ འགོ་དཔོན་གཞན་ཚུ་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ དེ་ལས་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *