ཐབས་བྱུས་གསར་པའི་ཐོག་ལས་ འཛུགས་སྐྱོང་འབད་མི་ སྔོ་ཚལ།

ཐབས་བྱུས་གསར་པའི་ཐོག་ལས་ སྔོ་ཚལ་ཤིང་འབྲས་ འཛུགས་སྐྱོང་འབད་ཡོདཔ།

༉ མོང་སྒར་ ཝེང་མཁར་ལུ་ཡོད་པའི་ སོ་ནམ་ཞིབ་འཚོལ་དང་ གོང་འཕེལ་ལྟེ་བ་གིས་ ཞིབ་འཚོལ་དང་འབྲེལ་ ཆུར་བརྟེན་ཚོད་བསྲེ་དང་ ཤིང་འབྲས་ཚུ་ འཛུགས་སྐྱོང་འབད་དོ་ཡོདཔ་ལས་ མཐར་འཁྱོལ་འབྱུང་པ་ཅིན་ འབྲུག་ལུ་ དང་འདོད་ཅན་ཚུ་ལུ་ སོ་ནམ་གྱི་ གདམ་ཁ་ཅིག་ལུ་ འགྱུར་ནི་ཨིན་པས།

ད་རེས་ནངས་པར་ གྱིབ་ཤོག་གི་ཁྱིམ་ནང་ སྔོ་ཚལ་ཤིང་༣༠༠ ལྷགཔ་ཅིག་ འཇམ་ཤོག་ནང་སྦེ་ འཛུགས་སྐྱོང་འབད་ཡོདཔ་ད་ མང་ཤོསཅིག་ རྡོག་མ་བཏགས་ཏེ་འདུག།

སྔོ་ཚལ་ཤིང་ཡོད་མི་ ཆུ་དུང་ཚུ་ འཚོ་བཅུད་སྦྱོར་ཁུ་ཡོད་པའི་ བཅུད་མཛོད་དང་གཅིག་ཁར་ མཐུད་སྦྲེལ་འབད་ཡོདཔ་ལས་ ཤིང་གི་འཚོ་བཅུད་ཚུ་ འཕྲུལ་རིག་ཐོག་ལས་ རང་བཞིན་གྱིས་ ཤིང་གི་དགོས་མཁོ་དང་འཁྲིལ་ གློག་མེ་དང་ འཕྲུལ་རིག་ལག་ལེན་འཐབ་སྟེ་ བཀྲམ་སྤེལ་འབད་དོ་ཡོདཔ་ད་ དྲོད་ཤུགས་ཆེ་སུ་སྦེ་འོང་པ་ཅིན་ རླུང་འཁོར་ཡང་ རང་བཞིན་གྱིས་འགྱིར་ཏེ་ དྲོད་ཚད་འཛིན་འབདཝ་ཨིན་པས།

དེ་གི་ཧེ་མར་ ལྟེ་བ་གིས་ སྔོ་ཚལ་ཤེལ་ཁྱིམ་ནང་ ཧོ་སྒྱེས་པད་ཚོད་འཛུགས་སྐྱོང་འབད་མི་དེ་ ཐོན་སྐྱེད་ལེགས་ཤོམ་སྦེ་ འབད་ཡོདཔ་ཨིན་པས།

ཞིབ་འཚོལ་གྱི་དོན་ལུ་ སོན་བཏབ་པའི་ཤུལ་ལུ་ ལྕངམ་ཚུ་འབེལ་ཏེ་ ཆུ་ནང་བཙུགས་དོ་ཡོད་པའི་ཁར་ ད་ལྟོ་ འཕྲུལ་རིག་ཁག་༢ ལག་ལེན་འཐབ་དོ་ཡོད་ས་ལས་ ཐབས་རིག་༡ པོ་དེ་ གྱིབ་གྱི་ཆུ་དུང་ནང་ རྫས་རིགས་སླ་བསྲེས་པའི་ འཚོ་བཅུད་སྦྱོར་ཁུ་དེ་ བཀྲམ་སྤེལ་འབདཝ་ཨིན་རུང་ ཐབས་རིག་༢ པ་དེ་ འཚོ་བཅུད་སྦྱོར་ཁུ་དེ་ ཧོད་ནང་བླུགས་ཞིནམ་ལས་ དེ་གི་ཐོག་ཁར་ གྱིབ་ཤོག་འཇམ་ཅུག་ཅུ་ འབད་མིའི་ནང་ འཛུགས་སྐྱོང་འབད་ཡོདཔ་ཨིན་པས།

ལྟེ་བའི་ཞིབ་འཚོལ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སོ་ནམ་ལཱ་འབད་ནིའི་དོན་ལུ་ འབད་ཐངས་ཀྱི་ དབྱེ་བ་མ་འདྲཝ་ཡོད་རུང་ ལྟེ་བའི་ནང་ ཆ་མཉམ་འཕྲུལ་རིག་ ལག་ལེན་ཐོག་སྟེ་ཨིནམ་ལས་ འཚོ་བཅུད་ཚུ་ དུས་ཡུན་སྐར་མ་༥ གི་རིང་ གྱིབ་དུང་ནང་ སྐོར་ར་རྐྱབ་སྡོད་མི་ལུ་བརྟེན་ ཤིང་ཚུ་ལུ་ འཚོ་བཅུད་འདྲ་མཉམ་སྦེ་ བཀྲམ་སྤེལ་འབད་འོང་ཟེར་ཨིན་པས།

འགོ་དཔོན་ཚུ་དང་འཁྲིལཝ་ད་ དེ་བཟུམ་གྱི་ ལྡུམ་ར་དེ་ ས་མེད་ས་དང་ ཁྲོམ་སྡེ་དང་ ཁྲོམ་ཆུང་ཚུ་ཀུ་ནང་ སྟབས་བདེ་ཏོག་ཏོ་ཡོད་ཟེར་ཨིན་པས།

དེ་གི་ཁེ་ཕན་ཚུ་ཡང་ ལས་མི་མངམ་མ་དགོ་པའི་ཁར་ དུས་ཡུན་ཐུང་ཀུའི་ནང་ ཐོན་སྐྱེད་འབད་ཚུགསཔ་མ་ཚད་ ས་ཁར་འབད་བ་ཅིན་ དུས་ཚོད་ཁར་རྐྱངམ་གཅིག་ འབད་དོ་བཟུམ་མེན་པར་ ལོ་གཅིག་གི་རིང་ རྒྱུན་མ་ཆད་པར་ ལཱ་འབད་ཚུགས་ཟེར་ ཞིབ་འཚོལ་འགོ་དཔོན་གྱིས་ བཤདཔ་ཨིན་པས།

ཆུར་བརྟེན་ལྡུམ་རའི་ལཱ་ འགོ་འདྲེན་འཐབ་མི་ ལྟེ་བའི་སོ་ནམ་ལྟ་རྟོག་པ་གོངམ་ རྡོ་རྗེ་དབང་མོ་གིས་ སླབ་མིའི་ནང་ ཆུར་བརྟེན་ལྡུམ་ར་དེ་ ཐའི་ལེནཌི་དང་ འཛམ་གླིང་རྒྱལ་ཁབ་ མང་ཤོས་ཅིག་ནང་ ཡོངས་གྲགས་ཡོད་རུང་ འབྲུག་རྒྱལ་ཁབ་ནང་ འགོ་དང་པ་ཨིནམ་བཞིན་དུ་ ད་ལྟོ་ ལཱ་འབད་ཐངས་དང་ རྫས་བཅུད་ཀྱི་ཆ་ཚད་ དེ་ལས་ ཟད་འགྲོ་གི་ཞིབ་དཔྱད་ཚུ་ མཐིལ་ཕྱིན་འབད་ཞིནམ་ལས་ ན་གཞོན་དང་ དང་འདོད་ཅན་གྱི་ ཚོང་འབྲེལ་བ་ཚུ་ལུ་ གོ་བ་བརྡ་སྤྲོད་འབད་དེ་ སྦྱོང་བརྡར་བྱིན་ནི་ཨིན་ཟེར་ཨིན་པས།

ཞིབ་འཚོལ་ལས་འགུལ་དེ་ ཡུ་རོ་པི་ཡེན་སྤྱི་ཚོགས་དང་ རྒྱལ་སྤྱི་སོ་ནམ་གོང་འཕེལ་མ་དངུལ་ཨི་ཕཌི་གིས་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ འགོ་འདྲེན་འཐབ་དོ་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *