ཐད་ཀར་བརྒྱུད་འཕྲིན་ཞབས་ཏོག་སྤྱོད་མི་ མར་བབས་འགྱོ་དོ་ཡོདཔ།

༉ གསོ་བའི་ལྷན་ཁག་གི་ ཐད་ཀར་བརྒྱུད་འཕྲིན་ཨང་༢༡༢༡ ནང་ དགོད་བྲོ་བསྒྱུར་ཏེ་ བརྒྱུད་འཕྲིན་བཏང་མི་ དག་པ་ཅིག་ ཐོན་ཡོདཔ་ཨིན་རུང་ སྤྱིར་བཏང་མི་སེར་ཚུ་གི་གྲས་ལུ་ ཀོ་བིཌ་-༡༩ དང་ ཟུར་བཞག་ཁང་ དེ་ལས་ གནམ་གྲུའི་ཞབས་ཏོག་དང་འབྲེལ་བའི་ བརྡ་དོན་སྤྲོད་ནིའི་ནང་ ཕན་ཐོགས་སྦོམ་སྦེ་ར་ བྱུང་ཡོདཔ་ཨིན་པས།

ཐད་ཀར་བརྒྱུད་འཕྲིན་ཞབས་ཏོག་ལྟེ་བ་དེ་ཡང་ སྤྱི་ཟླ་༣ པའི་ནང་ ཀོ་བིཌ་-༡༩ ཐོབ་མིའི་གནད་དོན་དང་པ་ ཐོན་མི་དང་འབྲེལ་ མི་སེར་ཚུ་ལུ་ བརྡ་དོན་ཁྱབ་སྤེལ་ གཏང་ནིའི་དོན་ལུ་ འགོ་བཙུགས་ཡོདཔ་ཨིན་པས།

འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་སྦེ་ གཞི་བཙུགས་འབད་དེ་ཡོད་མི་ ལྟེ་བ་དེ་ འགོ་འདྲེན་འཐབ་མི་ཚུ་གིས་ སླབ་མིའི་ནང་ མི་ཚུ་གིས་ ཞབས་ཏོག་དེ་གི་ཐོག་ལས་ དམིགས་བསལ་དུ་ ཀོ་བིཌ་-༡༩ དང་འབྲེལ་བའི་ དྲི་བ་ཚུ་ བཀོད་ཡོདཔ་ཨིན་པས།

ཞབས་ཏོག་དེ་ འགོ་འདྲེན་འཐབ་མི་ སངས་རྒྱས་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ བརྒྱུད་འཕྲིན་གཏང་མི་ཚུ་གིས་ འགོ་ཐོག་ལུ་ ནད་གཞིའི་རྟགས་མཚན་ཚུ་གི་སྐོར་ལས་ དྲིས་ཡོདཔ་ཨིན་རུང་ འགྲོས་ཀྱིས་འབད་ གནས་སྟངས་དང་འཁྲིལ་ དྲི་བ་ཚུ་ཡང་ མ་འདྲཝ་སྦེ་ འདྲི་ནི་འགོ་བཙུགས་ཅི་ཟེར་ཨིན་པས།

དེ་ཡང་ སྨན་བཅོས་ཞབས་ཏོག་ཚུ་ གཞི་བཙུགས་བའི་སྐབས་ ཞབས་ཏོག་ཚུ་ ག་ཏེ་ལས་ཐོབ་གའི་སྐོར་ལས་ དྲིས་ཡོདཔ་ཨིན་རུང་ ཤུལ་ལས་ གཞུང་གིས་ ཕྱི་རྒྱལ་ལུ་སྡོད་མི་འབྲུག་མི་ཚུ་ འབྲུག་ལུ་འབག་འོང་ནི་ འགོ་བཙུགས་པའི་སྐབས་ གནམ་གྲུའི་ཞབས་ཏོག་སྐོར་ལས་ འདྲི་ནི་འགོ་བཙུགས་ཅི་ཟེར་ཨིན་པས།

གྲོས་ཀྱིས་འབད་ མི་ཚུ་གིས་ ཟུར་བཞག་ཁང་ཚུ་དང་ ཟུར་བཞག་ཁང་གི་ལམ་སྟོན་ དེ་ལས་ འབྲུག་ཊེ་རེསི་ཨེཔ་དང་ འཕྲུལ་རིག་གི་ དཀའ་ངལ་ཚུ་གི་སྐོར་ལས་ དྲི་བ་བཀོད་ནི་འགོ་བཙུགས་ཅི་ཟེར་ཨིན་པས།

འགོ་ཐོག་ལུ་ ལྟེ་བ་དེ་ནང་ ཉིན་བསྟར་བཞིན་དུ་ བརྒྱུད་འཕྲིན་བཏང་མི་༡༠༠ དེ་རེ་ ཐོན་ཡོདཔ་ཨིན་རུང་ སྤྱི་ཟླ་༣ པའི་ཚེས་༦ ལུ་ བརྒྱུད་འཕྲིན་༡༡༣ དང་ དེ་གི་ནངས་པར་ བརྒྱུད་འཕྲིན་༡༩༠ དེ་ཅིག་ འོང་ཡོདཔ་ཨིན་པས།

ཨིན་རུང་ ད་རེས་ ཉིན་བསྟར་བརྒྱུད་འཕྲིན་༢༠ དང་༤༠ དེ་རེ་ལུ་ མར་བབས་སོང་ཡོདཔ་ད་ སངས་རྒྱས་ཕུན་ཚོགས་ཀྱིས་ བཤད་མིའི་ནང་ བརྒྱུད་འཕྲིན་གྱི་གྱངས་ཁ་ཚུ་ཡང་ ནད་འབུབ་ཐོབ་མི་ གསརཔ་ཐོན་པའི་སྐབས་དང་ གཞན་ཁག་ཆེ་བའི་གསལ་བསྒྲགས་ཚུ་ ཐོན་པའི་སྐབས་ལུ་ འོངམ་མས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ མ་གཞི་ ཐད་ཀར་བརྒྱུད་འཕྲིན་ཨང་དེ་ མ་བདེན་པའི་གཏམ་ཚུ་ དོགས་སེལ་འབད་ནི་དང་ གཞན་བདེན་དཔྱད་འབད་ནིའི་དོན་ལུ་ གཞི་བཙུགས་འབད་ཡོདཔ་ཨིན་རུང་ ཁོང་ཆ་ཁྱབ་ལུ་ འདི་བཟུམ་འབད་ནིའི་ མཁས་མཆོག་མེདཔ་ལས་ བརྒྱུད་འཕྲིན་ཚུ་ མཁས་མཆོག་ཚུ་ལུ་ ཁ་བསྒྱུར་བཏངམ་ཨིན་ཟེར་ཨིན་པས།

སྤྱི་ཟླ་༥ པའི་ བདུན་ཕྲག་དང་པ་ཚུན་ བརྒྱུད་འཕྲིན་བསྡོམས་༦,༦༥༢ ལྷོད་ས་ལས་༡༦༧ དོན་མེད་དཀྲོགས་མི་ དེ་ལས་༨༡༨ བརྒྱུད་འཕྲིན་འཐུ་བའི་སྐབས་ ལན་མ་སླབ་མི་ཚུ་ཨིན་པས།

ལྟེ་བ་དེ་ སྨན་གཡོག་དང་ མི་མང་གསོ་བའི་སྡེ་ཚན་གྱི་ ལོ་ངོ་༢ པ་དང་༣ པའི་ སྦྱོང་བརྡར་བ་ཚུ་གིས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *