ཐང་རོང་ལུ་ འཛིན་སྐྱོང་འཐབ་མི་ ས་ཞིང་ཚུ།

ཐང་རོང་ལུ་ ས་ཆ་འཛིན་སྐྱོང་ལུ་བརྟེན་ ཕན་ཁྱད་སྣ་ཚོགས་བྱུང་ཡོདཔ།

༉ གྱེན་གཟར་དྲགས་གུ་ཡོད་མི་ ས་ཞིང་ཚུ་ ས་རུད་དང་ཆུ་རུད་ཀྱིས་ འཕྱགས་མི་འབག་ནི་དང་ འཕྲུལ་ཆས་ལག་ལེན་འཐབ་ཚུགས་ནིའི་དོན་ལུ་ མོང་སྒར་ཐང་རོང་རྒེད་འོག་ནང་ ནེ་པིར་རྩྭ་འཛུགས་སྐྱོང་འབད་མི་དེ་གིས་ ཕན་ཐོགས་བྱུང་ཡི་ཟེར་ རྒེད་འོག་གི་ མི་སེར་ཚུ་གིས་ བཤདཔ་ཨིན་པས།

ས་གནས་ཀྱི་ མི་ཚུ་དང་འཁྲིལཝ་ད་ གཞུང་གི་རྒྱབ་སྐྱོར་ཐོག་ལས་ འཛུགས་སྐྱོང་འབད་མི་ ནེ་པིར་རྩྭ་དེ་ ས་ཆ་འཛིན་སྐྱོང་འཐབ་པའི་ཤུལ་ལས་ ཐོན་སྐྱེད་ཡར་སེང་དང་ ས་རུད་དང་ ཆུ་རུད་ཀྱིས་ ཐོག་ཁའི་ས་ལེགས་ཤོམ་དེ་ འཕྱགས་མི་བདའ་ནིའི་དོན་ལུ་ ཐང་བཟོ་ཞིནམ་ལས་ ཞིང་རྨོ་འཕྲུལ་ཆས་ པ་ཝར་ཊི་ལར་ཡང་ ལག་ལེན་འཐབ་བཏུབ་མ་ཚད་ ནོར་གྱི་རྩྭ་ཆག་སྦེ་ཡང་ ལག་ལེན་འཐབ་བཏུབ་པའི་ ཁེ་ཕན་འདུག་ཟེར་ཨིན་པས།

ས་ཆ་འཛིན་སྐྱོང་གི་དོན་ལུ་ རྩྭ་བཙུགས་ཞིནམ་ལས་ རྒེད་འོག་ནང་ ནོར་གསོ་སྐྱོང་འཐབ་མི་ཡང་ མང་སུ་ཐོན་དོ་ཡོདཔ་ད་ དེའི་གྲས་ལས་གཅིག་ བའུ་ཆོས་གླིང་སྤྱི་འོག་ ཝ་ལག་ཏང་གཡུས་ཚན་ནང་ལས་ སྐྱེས་ལོ་༣༥ ལང་མི་ རྣམ་རྒྱལ་ལྷུན་གྲུབ་ཨིནམ་ད་ ཁོ་གིས་ ན་ཧིང་ལས་ ནོར་གསོ་སྐྱོང་འཐབ་ནིའི་དོན་ལུ་ ཧེ་མ་ ནོར་༡ ཡོད་མིའི་གུ་ ད་རུང་ ནོར་༤ ཉོ་ཞིནམ་ལས་ རྒེད་འོག་ནང་འགོ་དང་པ་ཨིན་མི་ ཚོང་འབྲེལ་གྱི་ནོར་གསོ་སྐྱོང་ཁང་ གཞི་བཙུགས་འབད་ནུག།

ད་ལྟོ་ བ་ཚུ་ བོའུ་ཅུང་འཚའ་རན་ཡོདཔ་ལས་ ཐོན་སྐྱེད་འབད་ནིའི་དོན་ལུ་ སྒུག་སྟེ་ཡོད་རུང་ ས་ཞིང་ལེབ་གྲངས་༧ དེ་ཅིག་ནང་ ནེ་པིར་རྩྭ་བཙུགས་ཡོདཔ་མ་ཚད་ བུམ་ཐང་ལས་ སོན་ཉོ་འབག་སྟེ་ གཏན་འཇགས་ཀྱི་རྩྭ་ཚུ་ ས་ཞིང་གླང་དོ་༣ དེ་ཅིག་ནང་ བཙུགས་ཡོདཔ་ལས་ ནོར་གསོ་སྐྱོང་གི་དོན་ལུ་ ཚ་གྱང་མེདཔ་ཨིན་པས།

རྣམ་རྒྱལ་ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ ས་ཆ་འཛིན་སྐྱོང་ལུ་བརྟེན་ ས་ལེགས་ཤོམ་འགྱོཝ་མ་ཚད་ ནོར་གྱི་རྩྭ་ཡང་བཏུབ་ནི་དེ་གིས་ འོང་འབབ་བཟོ་ནིའི་ ཁེ་ཕན་ལུ་བལྟ་སྟེ་ ནོར་གསོ་སྐྱོང་འཐབ་ནི་འགོ་བཙུགས་ཡི་ཟེར་ཨིན་པས།

ས་ཆ་འཛིན་སྐྱོང་གིས་ ཕན་ཐོགས་མི་ཅིག་ བའུ་ཆོས་གླིང་སྤྱི་འོག་ དེ་ཡམ་རི་ལས་ སྐྱེས་ལོ་༣༨ ལང་མི་ སངས་རྒྱས་ཨིནམ་ད་ ཁོ་གིས་ སླབ་མིའི་ནང་ ཁོ་གི་ས་ཞིང་ ཨེ་ཀར་ཕྱེད་དང་༣ དེ་ཅིག་ནང་ རིང་ཚད་མི་ཊར་༢༠༠ དེ་རེ་འབད་མི་ ས་ཞིང་ལེབ་གྲངས་༤ དེ་ཅིག་ནང་ རྩྭ་བཙུགས་ཏེ་ འཛིན་སྐྱོང་འབད་མི་དེ་གིས་ ས་ཞུད་མི་འགྱོ་ནི་དང་ ནགས་ཚལ་ནང་ ནོར་གྱི་ཆག་འཚོལ་བར་འགྱོ་མ་དགོ་པར་ སྒོ་ཁ་ལས་ར་ ཐོབ་ཚུགས་པའི་ཁར་ ནགས་ཚལ་ལུ་ཡང་ གནོད་སྐྱོན་མར་བབས་སོང་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ རྩྭ་ཚུ་བཅུད་ལྡན་ཡོད་ནི་དེ་གིས་ བ་༢ གསོ་སྐྱོང་འཐབ་ཡོདཔ་ད་ ད་རེས་ ཨོམ་གི་ཐོན་ཤུགས་ཡར་དྲག་སོང་སྟེ་ འོང་འབབ་བཟོ་ཚུགས་པའི་ ཕན་ཁྱད་སྦོམ་འདུག་ཟེར་ཨིན་པས།

དེ་ལས་ ས་ཞིང་ཚུ་ ཐང་སྦེ་བཟོ་སྟེ་ ཧེ་མ་ གླང་གིས་རྨོ་མི་དེ་ ས་ཆ་འཛིན་སྐྱོང་འགོ་བཙུགས་ཞིནམ་ལས་ འཕྲུལ་གླང་གིས་ རྨོ་ནི་ འགོ་བཙུགས་ཡོདཔ་ལས་ ད་ལྟོ་ རྒེད་འོག་གི་ ཁྱིམ་གུང་པ་༢༠ དེ་ཅིག་གིས་ འཕྲུལ་གླང་ལག་ལེན་འཐབ་དོ་ཟེར་ སངས་རྒྱས་ཀྱིས་ བཤདཔ་ཨིན་པས།

ཐང་རོང་དམང་མི་ བསོད་ནམས་ཀྱིས་ སླབ་མིའི་ནང་ རྒེད་འོག་ནང་ ས་ཞིང་ཨེ་ཀར་༢༧༠ དེ་ཅིག་ འཛིན་སྐྱོང་འཐབ་སྟེ་ ཧ་ལམ་ཁྱབ་ཡོདཔ་ད་ འགོ་ཐོག་ལུ་ ས་ཞིང་ཆུང་ཀུ་འགྱོ་ནི་མས་ཟེར་ དོགས་པ་ཆགས་མི་ཚུ་ཡང་ ཁེ་ཕན་ལུ་བལྟ་སྟེ་ ད་རེས་ནངས་པར་ སྤྲོ་བ་བསྐྱེད་དེ་ རང་སོའི་ཁས་བླངས་ཐོག་ལས་ འཛུགས་སྐྱོང་འབད་ནི་འདུག་ཟེར་ཨིན་པས།

ཁོ་གིས་ བཤད་མིའི་ནང་ མི་སེར་ལ་ལོ་ཅིག་གིས་ གཞན་ལུ་ བཀྲམ་སྤེལ་འབད་ནིའི་དོན་ལུ་ གཞུང་གིས་ཉོ་མི་ལུ་བརྟེན་ འོང་འབབ་དངུལ་ཀྲམ་༡༥,༠༠༠ དང་༤༥,༠༠༠ འི་བར་ན་ བཟོ་མི་ཡང་ཡོདཔ་མ་ཚད་ རྒེད་འོག་ནང་ སོ་ནམ་པ་ཚུ་གིས་ གཡུས་ནོར་གྱི་ཐོག་ཁར་ ཇར་སི་བ་༤༠ དེ་ཅིག་ གསོ་སྐྱོང་འབད་དོ་ཡོདཔ་ལས་ སྐྱེ་ལྡན་མེ་རླུང་ བ་ཡོ་གེསི་བཟོ་མིའི་གྱངས་ཁ་ཡང་ ཡར་སེང་སོང་སྟེ་ཡོད་ཟེར་ ཨིན་པས།

རྒེད་འོག་ནང་ ས་ཆ་འཛིན་སྐྱོང་འགོ་དང་པ་ སྤྱི་ལོ་༢༠༡༥ ལས་༢༠༡༨ ཀྱི་བར་ན་ ལོ་༣ གྱི་རིང་ ལྷུན་རྩེ་རྫོང་ཁག་ རྒྱ་རེད་རྒེད་འོག་དང་གཅིག་ཁར་ རྒྱལ་ཡོངས་ས་ཆ་ཞབས་ཏོག་ལྟེ་བ་གིས་ ཡུན་བརྟན་ས་གཞི་འཛིན་སྐྱོང་ལས་རིམ་ཐོག་ལས་ རྒེད་འོག་༢ ཀྱི་དོན་ལུ་ མ་དངུལ་ས་ཡ་༡༡.༩ བཏང་ཐོག་ལས་ ཉེན་ཁ་ཡོད་པའི་ སྐམ་ཞིང་ཨེ་ཀར་༣༠༠ དེ་ཅིག་ འཛིན་སྐྱོང་འབད་ཡོདཔ་མ་ཚད་ མི་སེར་ཚུ་ལུ་ གོ་བ་བརྡ་སྤྲོད་དང་ དེ་དང་འབྲེལ་བའི་སྦྱོང་བརྡར་ཚུ་ བྱིན་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། ཐང་རོང་།

 

About admin

Check Also

རྒེད་འོག་བསྡབ་ནིའི་ གྲོས་འཆར་ལུ་ རྒཔོ་ཚུ་ སེམས་དང་མ་ལྡན་པར་ཡོདཔ།

༉ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒེད་འོག་ལས་བྱེད་ཚོགས་ཆུང་གིས་ རྒེད་འོག་༥༧ དེ་ཅིག་ རྒེད་འོག་གཞན་ཚུ་དང་བསྡབ་ནིའི་ གྲོས་འཆར་བཀོད་མི་དེ་ལུ་ དབང་འདུས་ཕོ་བྲང་རྫོང་ཁག་གི་ རྒཔོ་ཚུ་ལས་ ངོས་ལེན་ལེགས་ཤོམ་མེདཔ་ཨིན་པས། དེ་ཡང་ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒྱལ་ཁབ་ནང་ རྒེད་འོག་བསྡོམས་༢༠༥ ཡོད་མི་ལས་ …

Leave a Reply

Your email address will not be published. Required fields are marked *