སངས་རྒྱས་ཀྱིས་ ལོ་ན་རྒས་རུང་ མགར་བཟོའི་ལཱ་ བཀོག་མ་བཞག་པར་ འཕྲོ་མཐུད་འབད་བའི་བསྒང་།

ཐང་རོང་ལུ་ མགར་བཟོ་ཉམས་མ་བཅུག་པར་ བདག་འཛིན་འཐབ་སྟེ་ཡོདཔ།

༉ རྒྱལ་ཁབ་ཀྱི་ ས་གནས་མང་ཤོས་ཅིག་ནང་ མགར་བཟོའི་ལཱ་འབད་མི་ མར་ཉམས་འགྱོ་དོ་ཡོད་རུང་ མོང་སྒར་ ཐང་རོང་རྒེད་འོག་ནང་འབད་བ་ཅིན་ མ་ཉམས་པར་ སྔར་བཞིན་དུ་ཡོདཔ་ཨིན་པས།
ཐང་རོང་ སྤང་ལེམ་བག་མོ་རི་ལས་ཨིན་མི་ སྐྱེས་ལོ་༦༤ ལང་མི་ སངས་རྒྱས་ཀྱིས་ ཁོ་ར་ ལོ་ན་རྒས་སོ་རུང་ མགར་བཟོའི་ལཱ་འབད་ནི་དེ་ བཀོག་མ་བཞག་པར་ འཕྲོ་མཐུད་འབད་མི་དེ་ཡང་ མགར་བཟོའི་ཅ་ཆས་ཚུ་ལུ་ མཁོ་འདོད་བཀོད་མི་ ཡར་སེང་འགྱོ་ནི་དེ་གིས་ཨིན་ཟེར་ཨིན་པས།
ཁོ་གིས་བཤད་མིའི་ནང་ ཁོ་ར་ ལོ་ན་རྒས་མི་ལུ་བརྟེན་ མགར་བཟོའི་ལཱ་དེ་ བཀོག་བཞག་ནི་ཟེར་ མནོ་བསམ་བཏང་རུང་ གྱི་ཅུང་དང་ གྱི་རིང་ དེ་ལས་ ཟོརཝ་ལ་སོགས་པའི་ ཅ་ཆས་ཚུ་ལུ་ རྒེད་འོག་ནང་གི་ མི་སེར་ཚུ་མ་ཚད་ ཕྱི་ཁ་ལས་ཡང་ མཁོ་འདོད་བཀོད་མི་ ལེ་ཤ་ཐོན་ནི་དེ་གིས་ འོང་འབབ་དུམ་གྲ་རེ་ བཟོ་ཚུགས་པས་ཟེར་མནོ་སྟེ་ རྩ་འགེངས་ལཱ་འབད་དོ་ཟེར་ཨིན་པས།
སངས་རྒྱས་ཀྱིས་ ཁོ་རའི་ ཐོག་ཚད་༢ འབད་མི་ ཁྱིམ་གྱི་ཕྱི་ཁར་ཡོད་མི་ བཟོ་ཁང་ནང་ འཛུལ་ཞིནམ་ལས་ ཁོ་རའི་བུ་ལུ་ ཐོཝ་བརྡུང་ནིའི་ ཆ་རོགས་འབད་བཅུག་ཞིནམ་ལས་ མཁོ་འདོད་བཀོད་མི་ ཅ་ཆས་ཚུ་རྐྱངམ་གཅིག་བཟོ་རུང་ དུས་ཚོད་ཁར་ བཟོ་མ་ཚར་ནི་དེ་གིས་ གཞན་ཚོང་འབྲེལ་གྱི་དོན་ལུ་ བཟོ་མི་ཚུགས་པས་ཟེར་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ མཁོ་ཆས་ཚུ་གི་གྲས་ལས་ ཟླཝ་རེ་ནང་ གྱི་ཅུང་ཆེ་ཆུང་༢༠ ལྷགཔ་ཅིག་ བཟོ་དོ་ཟེར་ཨིནམ་ད་ དེ་ཡང་ གོང་ཚད་དངུལ་ཀྲམ་༡,༢༠༠ དང་༡,༥༠༠ འི་བར་ན་སྦེ་ བཙོང་དོ་ཟེར་ སླབ་ཨིན་པས།
དེ་ལས་ གྱི་རིང་ཆ་༡ ལུ་ གོང་ཚད་དངུལ་ཀྲམ་༣,༥༠༠ དང་༥,༠༠༠ འི་བར་ན་སྦེ་ བཙོང་དོ་ཡོདཔ་བཞིན་དུ་ འཕྲལ་འཕྲལ་ རྩྭ་བརྔ་ནིའི་ཟོརཝ་ རེ་གཉིས་བཟོ་ནི་ཡོད་ཟེར་ཨིན་པས།
རྒེད་འོག་ནང་ མགརཝ་ཚུ་གི་གྲས་ལས་ ལོ་ངོ་༢༥ ལྷགཔ་ཅིག་ མགར་བཟོའི་ལཱ་འབད་མི་ སངས་རྒྱས་ཀྱིས་ སླབ་མིའི་ནང་ ཁོ་ར་ ཐོ་མ་བཞག་སྟེ་འབད་རུང་ དཔྱད་རིག་བཏང་དོ་བཟུམ་འབད་བ་ཅིན་ འདས་པའི་ལོ་༢ དེ་ཅིག་ནང་ རྒེད་འོག་ནང་མ་བརྩི་བར་ དགྲ་མེད་རྩེ་དང་ མོང་སྒར་ཁྲོམ་ ཉེ་འདབས་ཀྱི་ལྕགས་སི་མཁར་ དེ་ལས་ ཡ་ལྡི་རྒེད་འོག་ཚུ་ནང་ལས་ ཕྱི་ཁའི་ཚོང་མགྲོན་པ་ཚུ་གིས་ མཁོ་འདོད་བཀོད་མི་དང་བསྟུན་ གྱི་ཅུང་༡༥༠ ལྷགཔ་ཅིག་དང་ གྱི་རིང་ཆ་༡༠ དེ་ཅིག་ བཟོ་བྱིན་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁོ་ར་ དལ་ཁོམ་ཐོནམ་ད་རྐྱངམ་གཅིག་ ལཱ་འབད་རུང་ མགར་བཟོ་ལུ་བརྟེན་ ཟླ་རིམ་བཞིན་དུ་ འོང་འབབ་དངུལ་ཀྲམ་༢༠,༠༠༠ དེ་ཅིག་ བཟོ་ཚུགས་མི་ལུ་ལྟཝ་ད་ ཁེ་སང་ཡོད་རུང་ ལོ་ན་རྒས་པའི་ཁར་ ཁྱིམ་ནང་གི་ལཱ་ཚུ་གིས་ དུས་ཚོད་མ་ཁོམ་ལས་ མཁོ་འདོད་བཀོད་མི་འོང་རུང་ འཕྲལ་འཕྲལ་ ལོག་གཏང་དགོ་པས་ཟེར་ཨིན་པས།
གཡུས་མི་ཚུ་གིས་ བཤད་མིའི་ནང་ ཐང་རོང་རྒེད་འོག་ནང་ མགར་བཟོའི་ལཱ་འབད་མི་ རྒས་ཤོས་ཚུ་ ཤི་ཚར་རུང་ མགརཝ་༥ དེ་ཅིག་གིས་ ད་ལྟོ་ཡང་ མར་ཉམས་མ་བཅུག་པར་ སྔར་ཁྱུན་བདག་འཛིན་འཐབ་སྟེ་ ཡོད་ཟེར་ཨིན་པས།
གླིང་མཁར་སྤྱི་འོག་ནང་ལས་ སྐྱེས་ལོ་༤༩ ལང་མི་ ནོར་བུ་དེ་ མགརཝ་གསརཔ་ཨིནམ་ད་ ཁོ་གིས་ ན་ཧིང་ལས་ མགར་བཟོའི་ལཱ་འབད་ནི་ འགོ་བཙུགས་ནུག།
ཁོ་གིས་ དམངས་མི་ལས་ དགོངས་ཞུ་འབད་ཞིནམ་ལས་ ཁོ་རའི་ བློ་འདོད་དང་ འོང་འབབ་ཀྱི་ཁེ་ཕན་ལུ་ལྟ་སྟེ་ གྱི་ཅུང་དང་ སྒྲོ་གཟུགསམ་ ཟོརཝ་ རྐོ་ཏི་ཚུ་ མོང་སྒར་ཚོད་བསྲེ་ཁྲོམ་ཁར་ བཙོང་ཞིནམ་ལས་ ལོ་༡ ནང་ འོང་འབབ་དངུལ་ཀྲམ་༩༠,༠༠༠ ལྷགཔ་ཅིག་ བཟོ་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དུས་ཅི་ རྒྱ་སྐྱེད་འབད་ནིའི་ འཆར་གཞི་ཡོད་རུང་ ནད་ཡམས་ཐོན་ཞིནམ་ལས་ བར་སྐབས་ཅིག་ ལཱ་འབད་ནི་ལས་ བཤོལ་བཞག་ཡོད་རུང་ ནད་ཡམས་ཞི་བ་ཅིན་ མངམ་སྦེ་ར་བཟོ་སྟེ་ ཐིམ་ཕུག་དང་ བཀྲིས་སྒང་ལས་ཕར་ བཙོང་པར་འགྱོ་ནིའི་ མནོ་བསམ་ཡོད་ཟེར་ཨིན་པས།
ཐང་རོང་རྒེད་འོག་ནང་འབད་བ་ཅིན་ འོང་འབབ་ཀྱི་ ཐོན་ཁུངས་གཞན་མེདཔ་ལས་ མང་ཤོས་ཅིག་གིས་ རྒྱལ་ཁབ་ནང་འཁོད་ཀྱི་ ས་གནས་ཐདམ་ཐད་ཁར་ལས་ཕར་ ཁག་འབག་གི་འོག་ལུ་ ལཱ་འབད་བར་འགྱོ་དོ་ཡོདཔ་ཨིན་པས།
རྒེད་འོག་གིས་ ཉིན་བསྟར་གླ་ཆའི་ཐོག་ལས་ ལས་མི་སྦེ་འགྱོ་མི་ཚུ་གི་ཐོ་དེ་ཡང་ གཡུས་ཁའི་ ལས་མི་ཁག་འབག་ལས་ གན་ཡིག་ལེན་བཞག་དོ་ཡོདཔ་ད་ ཐོ་བཀོད་དང་འཁྲིལཝ་ད་ ན་ཧིང་ རྒེད་འོག་ནང་ལས་ ལས་མི་༢༤༨ ཕྱི་ཁར་ལཱ་འབད་བར་སོང་ཡོདཔ་ད་ དུས་ཅི་ཡང་ ལས་མི་༨༠ དེ་ཅིག་ ད་ལྟོ་ རྒེད་འོག་གི་ཕྱི་ཁར་ ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

 

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *