སོ་ནམ་ཞིང་ལམ་མེད་པའི་ དཀའ་ངལ་བྱུང་སྟེ་ཡོད་མི་ ཐང་ངེ་གཡུས་ཚན།

ཐང་ངེ་གཡུས་ཚན་ནང་ ད་ལྟོའི་བར་ན་ཡང་ སོ་ནམ་ཞིང་ལམ་ མ་ལྷོད་པའི་གདོང་ལེན།

༉ ཀྲོང་གསར་ནུབ་སྦིས་རྒེད་འོག་ སིམ་ཕུག་སྤྱི་འོག་གི་ ཐང་ངེ་གཡུས་ཚན་ནང་ སོ་ནམ་ཞིང་ལམ་མེད་མི་ལུ་བརྟེན་ མི་སེར་ཚུ་ ད་ལྟོའི་བར་ན་ཡང་ དུས་ཡུན་ཆུ་ཚོད་ལས་བཅད་དེ་ རྐང་སྟོང་འགྱོ་དགོཔ་ འཐོན་དོ་ཡོདཔ་ཨིན་པས།
ཐང་ངེ་གཡུས་ཚན་ནང་ ལོ་ཐོག་ག་ནི་ཡང་ འཛུགས་སྐྱོང་མི་འབད་དོ་ཡོདཔ་ད་ ཨིན་རུང་ ཚོད་བསྲེའི་ལཱ་དུམ་གྲ་རེ་ འབད་དོ་ཡོདཔ་ད་ གཞན་ཟ་ཆས་ཚུ་ག་ར་ ཀྲོང་གསར་ཁྲོམ་ལས་ ཉོ་འབག་འགྱོ་དོ་ཡོདཔ་ལས་ རྟ་དང་མི་གིས་ འབག་བསྐྱེལ་དོ་ཡོདཔ་ཨིན་པས།
མི་སེར་ཚུ་གིས་ སླབ་མིའི་ནང་ ཚོད་བསྲེའི་རིགས་ཚུ་ ལེགས་ཤོམ་འབད་འཚོ་དོ་ཡོདཔ་ཨིན་རུང་ འཁོར་ལམ་མེད་མི་ལུ་བརྟེན་ བཙོང་པར་འབག་ནིའི་དོན་ལུ་ རྟ་དང་མི་གིས་འབག་དགོ་པའི་ ཁྲོམ་ཁར་ལྷོད་ཚུགས་ཚུགས་ མེདཔ་ཐལ་དོ་ཡོདཔ་ལས་ ལཱ་ཁག་གཏངམ་མས་ཟེར་ཨིན་པས།
གཡུས་ཚན་ནང་ གློག་མེའི་ཞབས་ཏོག་ལྷོད་ཡོད་རུང་ ད་ལྟོའི་བར་ན་ཡང་ སོ་ནམ་ཞིང་ལམ་མ་ལྷོད་ནི་དེ་གིས་ མི་སེར་ཚུ་ ཚ་གྱང་ལང་དོ་ཡོདཔ་ཨིན་པས།
བསོད་ནམས་ཀྱིས་ སླབ་མིའི་ནང་ སོ་ནམ་ཞིང་ལམ་བསལ་དགོ་པའི་ ཞུ་བ་འབད་ཡོདཔ་མ་ཚད་ འཆར་གཞི་ནང་ཡང་ ཚུད་དེ་ཡོད་ཟེར་ ཧ་གོ་ཡོདཔ་ཨིན་རུང་ བསལ་ནི་མིན་འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁྱིམ་རྐྱབ་ནིའི་དོན་ལུ་ ཅ་ཆས་ཚུ་ སྐྱེལ་འདྲེན་འབདཝ་ད་ གདོང་ལེན་བྱུངམ་མས་ཟེར་ཨིནམ་ད་ ནུབ་སྦིས་རྒེད་འོག་ནང་ གནས་སྟངས་སྐྱོ་དྲགས་ཅིག་ ཐང་ངེ་གཡུས་ཚན་དེ་ ཨིན་ཟེར་ཨིན་པས།
མི་སེར་ཚུ་ འོང་འབབ་ཀྱི་འབྱུང་ཁུངས་ཟེར་རུང་ དབྱར་རྩྭ་དགུན་འབུབ་ཨིན་རུང་ ལོ་བསྟར་བཞིན་དུ་ ཐོན་ཤུགས་མར་བབས་འགྱོ་མི་དེ་གིས་ ཐ་ན་ ལོ་༡ གི་ རྒྱགས་སྐལ་ཉོ་ནི་ལུ་ ལང་མི་ཚུགས་པས་ཟེར་ཨིན་པས།
མི་སེར་ཚུ་གིས་ སླབ་མིའི་ནང་ འདེམས་ངོ་ཚུ་གིས་ སྐུལ་བསྒྲགས་འབད་བར་འོང་པའི་སྐབས་ མཐོང་མི་དེ་ར་ཨིན་ཟེར་ཨིནམ་ད་ བཙག་འཐུ་གྲུབ་ཞིནམ་ལས་ ག་གིས་ཡང་ གཡུས་ཚན་ནང་ འོང་ནི་མིན་འདུག་ཟེར་ཨིན་པས།
སིམ་ཕུག་སྤྱི་འོག་ཚོགས་པ་གིས་ སླབ་མིའི་ནང་ འཁོར་ལམ་བསལ་ནིའི་དོན་ལུ་ དཔག་ཚད་ཐེངས་གཅིག་ བཀལ་ཡོདཔ་ཨིན་རུང་ སའི་འཛིང་ཐོན་མི་ལུ་བརྟེན་ ཆ་མེད་སོང་ནུག་ཟེར་ཨིནམ་ད་ ད་རུང་ རྫོང་ཁག་བཟོ་རིག་འགོ་དཔོན་གྱིས་ དཔག་ཚད་བཀལ་ནི་སྦེ་ སླབ་དེས་ཟེར་ཨིན་པས།
སོ་ནམ་ཞིང་ལམ་ཡོད་པ་ཅིན་ ག་ཅི་དོན་ལུ་ཡང་ སྟབས་བདེ་བའི་ཁར་ ན་ཚ་རེ་ཕོག་པའི་སྐབས་ དུས་ཡུན་ཆུ་ཚོད་ལས་བཅད་དེ་ ལམ་འགྲུལ་འབད་མི་དགོ་པས་ཟེར་ རྡོ་རྗེ་མཁའ་འགྲོ་གིས་ བཤདཔ་ཨིན་པས།
ནུབ་སྦིས་རྒེད་འོག་གི་ གཡུས་ཚན་ག་རའི་ནང་ སོ་ནམ་ཞིང་ལམ་ལྷོད་ཡོད་རུང་ ཐང་ངེ་གཡུས་ཚན་ནང་ མ་ལྷོདཔ་ཨིན་པས།
ནུབ་སྦིས་རྒེད་འོག་གི་ བདག་སྐྱོང་འགོ་དཔོན་གྱིས་ སླབ་མིའི་ནང་ སོམ་ནམ་ཞིང་ལམ་བསལ་ནིའི་དོན་ལུ་ འཆར་དངུལ་ཡང་ལྷོད་ཡོདཔ་ལས་ རྩིས་ལོ་༢༠༡༩ དང་༢༠༢༠ འི་ནང་འཁོད་ལུ་ བསལ་ནི་འགོ་བཙུགས་འོང་ཟེར་ཨིན་པས།
ཐང་ངེ་གཡུས་ཚན་ནང་ ཁྱིམ་གུང་པ་༡༣ དེ་ཅིག་ ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

 

About admin

Check Also

ཀེ་བ་སྦོམ་ཆུང་དང་འཁྲིལ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༩ དང་༢༤ གི་བར་ན་ བཙོང་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ ཀེ་བ་བཙོང་པར་ འབག་འོང་མི་ སོ་ནམ་པ་ཚུ་ སེམས་དགའ་སྟེ་ཡོད་མི་དེ་ཡང་ ད་ལྟོ་ གོང་ཚད་ལེགས་ཤོམ་ཐོབ་ནི་དེ་གིས་ཨིན་པས། ཁ་ཙ་ ཀེ་བ་རིན་བསྡུར་ཐོག་ལས་བཙོངམ་ད་ ཀེ་བ་དམརཔོ་སྦོམ་ ཀེ་ཇི་རེ་གིས་ མཐོ་ཤོས་དངུལ་ཀྲམ་༢༤ …

Leave a Reply

Your email address will not be published. Required fields are marked *