རིག་གསར་བཟོ་སྐྲུན་ལས་སྡེ་གིས་ ཏུར་ས་གཙང་ཆུའི་གཤམ་ལས་ རྒྱུ་ཆས་བཏོན་སའི་ས་ཁོངས།

ཏུར་ས་གཙང་ཆུའི་གཤམ་ལས་བཏོན་མི་ རྒྱུ་ཆས་ལྷག་མཇུག་ཚུ་ འཕྱོག་བཟུང་འབད་ཡོདཔ།

༉ ཁ་ཙ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཡོངས་གྲགས་ལུ་ ཕུན་ཚོགས་གླིང་གི་ ཏུར་ས་ཟེར་སླབ་མི་ ཨ་མོ་ཆུ་གཙང་ཆུའི་ ས་ཁོངས་ནང་ ཆུ་གཤམ་ལས་བཏོན་མི་ རྒྱུ་ཆས་ལྷག་མཇུག་ཚུ་ འཕྱོག་བཟུང་འབད་ནུག།
དེ་ཡང་ ཨ་མོ་ཆུའི་གཤམ་ལས་བཏོན་མི་ རྒྱུ་ཆས་རྡོ་དང་བྱེམ་ཚུ་ བཀྲིས་སྒང་རིག་གསར་བཟོ་སྐྲུན་སྒེར་སྡེ་དང་ ཐིམ་ཕུག་གཡང་འཁྱིལ་བཟོ་སྐྲུན་སྒེར་སྡེ་ དེ་ལས་ ཕུན་ཚོགས་གླིང་ལུ་ཡོད་མི་ ཆུ་ཁ་བཟོ་སྐྲུན་སྒེར་སྡེ་༣ གྱི་ཨིན་པས།
ཁ་ཙ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ མི་མང་ལུ་ འཕྱོག་བཟུང་གསལ་བསྒྲགས་འབད་མི་དང་འཁྲིལཝ་ད་ སྒེར་སྡེ་༣ གྱིས་ གཙང་ཆུའི་གཤམ་ལས་བཏོན་མི་ རྒྱུ་ཆས་ལྷག་མཇུག་ཚུ་ འབྲུག་གི་ངན་ལྷད་བཀག་སྡོམ་བཅའ་ཁྲིམས་༢༠༡༡ ཅན་མའི་དོན་ཚན་༡༠༣ པའི་ དབང་ཚད་དང་འཁྲིལ་ སྤྱི་ཟླ་༤ པའི་ཚེས་༡༡ ལས་འགོ་བཙུགས་ འཕྱོག་བཟུང་འབདཝ་ཨིན་ཟེར་བཀོད་ནུག།
ངན་ལྷད་བཀག་སྡོམ་བཅའ་ཁྲིམས་ཀྱི་ དོན་ཚན་༡༠༣ པའི་ནང་ གནོད་འགེལ་ཅིག་ ཞིབ་དཔྱད་འབད་བའི་སྐབས་ བསྒུལ་ཅན་གྱི་ རྒྱུ་དངོས་གང་རུང་ གནོད་འགེལ་ཅིག་གི་གནད་དོན་ ཡང་ན་ གནོད་འགེལ་དེ་དང་འབྲེལ་བ་ཡོད་པའི་ སྒྲུབ་བྱེད་ཨིནམ་སྦེ་ ལྷན་ཚོགས་ལུ་ རྒྱུ་མཚན་ལྡན་པའི་ རྒྱུ་རྐྱེན་གྱི་ དོགས་པ་མཆིས་ཚེ་ དེ་ཚུ་ བཙན་ལེན་འབད་ཆོགཔ་སྦེ་ བཀོད་ཡོད་མི་དང་འཁྲིལ་ཨིན་པས།
ལྷན་ཚོགས་ཀྱིས་ འཕྱོག་བཟུང་ངམ་ བཙན་ལེན་ཆ་མེད་ཨིན་ལུགས་ཀྱི་ གསལ་བསྒྲགས་མ་འབད་ཚུན་ ཡང་ཅིན་ ཁྲིམས་འབྲེལ་བྱ་རིམ་ཚུ་ མཇུག་མ་བསྡུ་ཚུན་ འཕྱོག་བཟུང་གསལ་བསྒྲགས་ལུ་ གནས་དགོ་ཟེར་ གསལ་བསྒྲགས་ནང་བཀོད་ནུག།
གནད་དོན་དེ་གི་སྐོར་ལས་ ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མ་བཏུབ་རུང་ ཀུན་གསལ་ལུ་ གོ་རྟོགས་བྱུང་མི་དང་འཁྲིལཝ་ད་ ཏུར་ས་གཙང་ཆུ་ཁ་བསྒྱུར་གྱི་ ལཱ་འབད་བའི་སྐབས་ གཡོ་སྒྱུ་ལག་ལེན་དང་ སྤྱི་གཡོགཔ་ལུ་ ནང་གསུག་རྐྱབ་ཡོད་པའི་ ཁ་ཉེས་ཡོད་མིའི་སྐོར་ ལྷན་ཚོགས་ལུ་ རྒྱུ་མཚན་ལྡན་པའི་ སྒྲུབ་བྱེད་ཐོབ་པའི་ཤུལ་ལས་ གནས་གོང་ས་ཡ་ལས་བཅད་མི་ རྒྱུ་ཆས་ལྷག་མཇུག་ཚུ་ བཙན་ལེན་འབད་ནུག་ཟེར་ཨིན་པས།
ཏུར་ས་གཙང་ཆུའི་ ཁ་བསྒྱུར་གཏང་ནིའི་ལཱ་དེ་ སྤྱི་ལོ་༢༠༡༦ ཟླ་༡༢ པའི་ནང་ ཕུན་ཚོགས་གླིང་ཁྲོམ་སྡེ་གིས་ རིག་གསར་བཟོ་སྐྲུན་ལུ་ རིན་འཐུས་མེད་པར་ ཞབས་ཏོག་བཟུམ་ཅིག་སྦེ་ སྤྲོད་ཡོད་མི་དེ་ཡང་ ལོ་དེ་གི་ གནམ་བྱཱར་སྐབས་ཆུ་རུད་ཀྱིས་ ཏུར་ས་གཙང་ཆུའི་ཆུ་བྱག་དང་ མཐའམ་བདའ་སྟེ་ ཚོང་ཁང་ལེ་ཤ་ཅིག་ལུ་ གནོད་སྐྱོན་རྐྱབ་མི་ལུ་བརྟེན་ སྤྱི་ལོ་༢༠༡༧ གྱི་ གནམ་བྱཱར་ལུ་ ཆུ་རུད་བཀག་ཐབས་ལུ་ཨིན་པས།
ལོ་རྒྱུས་དང་འཁྲིལཝ་ད་ གཙང་ཆུ་ཁ་བསྒྱུར་གཏང་ནི་དང་ ཆུ་གཤམ་ལས་ རྒྱུ་ཆས་ཚུ་ བཏོན་ནིའི་ལཱ་ཚུ་ གནམ་བྱཱར་གྱི་དུས་ཚོད་ འགོ་མ་བཙུགསཔ་ལས་ ལོ་༡ ནང་འཁོད་ལུ་ མཇུག་བསྡུ་དགོཔ་ཨིན་རུང་ འཕྲོ་མཐུད་དེ་ར་ ལཱ་འབད་སྡོད་ནུག་ཟེར་ཨིན་པས།
ད་རེས་ནངས་པར་ རྒྱུ་ཆས་ཚུ་ ཏུར་ས་གཙང་ཆུའི་མཐའ་མར་ཡོདཔ་ད་ ཀུན་གསལ་ལུ་ གནས་ཚུལ་བཤད་མི་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ས་ཁོངས་སྟོངམ་བཏོན་མ་བཏུབ་མི་ལུ་བརྟེན་ ཕུན་ཚོགས་གླིང་ཁྲོམ་སྡེ་དང་ བཟོ་སྐྲུན་གོང་འཕེལ་ལས་འཛིན་གཉིས་ཀྱི་བར་ན་ ཡི་གུ་ལན་ཐེངས་མང་རབས་ཅིག་ བརྗེ་སོར་འབད་མི་དེ་ཡང་ ལས་འཛིན་གྱིས་ ས་ཁོངས་དེ་ རྩིས་ལེན་ཞིནམ་ལས་ ཨ་མོ་ཆུ་ཁྲོམ་སྡེ་གོང་འཕེལ་ལས་འགུལ་གྱི་དོན་ལས་ སྤྱི་ལོ་༢༠༡༧ ཟླ་༡༠ པ་ལས་ བཟོ་སྐྲུན་འགོ་བཙུགས་ཐབས་ལུ་ཨིན་པས།
རིག་གསར་བཟོ་སྐྲུན་གྱིས་ གཙང་ཆུའི་གཤམ་ལས་ རྒྱུ་ཆས་ཚུ་བཏོན་ཏེ་ ཕྱིར་ཚོང་འཐབ་ནི་ འགོ་བཙུགསཔ་དང་འབྲེལ་ གཡང་འཁྱིལ་བཟོ་སྐྲུན་ལས་སྡེ་ལུ་ ཁག་འབག་གི་ ལཱ་སྤྲོད་ནུག་ཟེར་ཨིནམ་ད་ ཆུ་ཁ་བཟོ་སྐྲུན་ལས་སྡེ་ལུ་ཡང་ རྒྱུ་ཆས་རྡོ་དང་ བྱེམ་བཏོན་ནིའི་ལཱ་ཚུ་ རིན་འཐུས་མེད་པར་ ཞབས་ཏོག་བཟུམ་ཅིག་སྦེ་ སྤྲོད་ཡོདཔ་ཨིན་པས།
སྒེར་གྱི་བཟོ་སྐྲུན་ལས་སྡེ་༣ ཆ་ར་གིས་ གཙང་ཆུའི་གཤམ་ལས་བཏོན་མི་ རྒྱུ་ཆས་ཚུ་ ཕྱིར་བཙོང་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ཞིབ་དཔྱད་སྐབས་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ནང་གསུག་སྤྲོད་ལེན་དང་འབྲེལ་བའི་ དོགས་པ་ལུ་བརྟེན་ རིག་གསར་བཟོ་སྐྲུན་ལས་སྡེའི་ཇོ་བདག་དང་ ཕུན་ཚོགས་གླིང་ཁྲོམ་སྡེའི་ བཀོད་ཁྱབ་དྲུང་ཆེན་བགྲེསཔ་དེ་ སྤྱི་ཟླ་༣ པའི་ཚེས་༨ ལུ་ དྲི་དཔྱད་ཀྱི་དོན་ལུ་ དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་པས།
རིག་གསར་ལས་སྡེའི་ཇོ་བདག་དེ་ཕུན་ཚོགས་གླིང་ལུ་ དོ་དམ་འོག་ལུ་བཞག་པའི་ཤུལ་ལས་ སྤྱི་ཟླ་༣ པའི་ཚེས་༡༠ ལུ་བཏང་ཡོདཔ་མ་ཚད་ ད་ལྟོའི་འོང་འབབ་དང་ཅ་དམ་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ཨིན་མི་ ཕུན་ཚོགས་གླིང་ཁྲོམ་སྡེའི་ བཀོད་ཁྱབ་དྲུང་ཆེན་བགྲེསཔ་དེ་ སྤྱི་ཟླ་༣ པའི་ཚེས་༡༢ ལུ་ བཏང་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མི་དམངས་མཁོ་སྒྲུབ་ཞལ་འཛོམས་ ནངས་པར་མཇུག་བསྡུ་ནི།

༉ ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་འཐུས་མི་རྒྱལ་ཁབ་༨ ནང་ མི་དམངས་མཁོ་སྒྲུབ་དང་འབྲེལ་བའི་ལམ་ལུགས་དང་ ཁྲིམས་འབྲེལ་གྱི་ལཱ་ཚུ་ ཡར་དྲག་སོང་སྟེ་ཡོད་རུང་ བསྟར་སྤྱོད་འབད་ནིའི་ནང་ གདོང་ལེན་འབྱུང་བཞིན་དུ་ཡོདཔ་ལས་ མི་དམངས་མཁོ་སྒྲུབ་ཞལ་འཛོམས་ཐེངས་༦ པ་དེ་ ཁྱད་རིག་མཁོ་སྒྲུབ་འབད་ནིའི་བརྗོད་དོན་ཐོག་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་ཨིན་པས། ཞལ་འཛོམས་དེ་ཡང་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་དང་ …

Leave a Reply

Your email address will not be published. Required fields are marked *