བྱ་རིགས་དུས་སྟོན་སྐབས་ གཞལམ་སྒང་གི་རྒེད་འོག་༨ ལས་ ས་གནས་ཀྱི་ བཞེས་སྒོ་མ་འདྲཝ་དང་ འཐུང་ནིའི་རིགས་ཚུ་ འགྲེམས་སྟོན་འབད་ཡོདཔ་ཨིན་པས།

ཏིང་ཏི་སྦིས་ལུ་ བྱ་རིགས་དུས་སྟོན་བརྩི་སྲུང་སྐབས་ བྱ་རིགས་གསརཔ་༣ མཐོང་ཡོདཔ།

༉ གཞལམ་སྒང་ ཏིང་ཏི་སྦིས་ལུ་སྦེ་ ཉིན་གྲངས་གསུམ་གྱི་རིང་ འབྲུག་གི་ བྱ་རིགས་བལྟ་ནིའི་དུས་སྟོན་ འགོ་འདྲེན་འཐབ་པའི་སྐབས་ བྱ་རིགས་༢༨༦ ངོས་འཛིན་འབད་ཡོདཔ་ཨིན་པས།
རྒྱལ་ཡོངས་ལས་ བྱ་ལྟ་མི་༣༠ གིས་ དུས་སྟོན་དང་འབྲེལ་ ཁེངས་རིགས་རྣམ་གསུམ་གྱི་ ས་ཆ་རྩུབ་དྲགས་ཡོད་མི་ ས་ཁོངས་ཁག་དྲུག་ནང་ བྱ་རིགས་ཚུ་ འཚོལ་ཞིབ་འབད་ཡོདཔ་ཨིན་པས།
བྱ་ལྟ་མི་ཚུ་གིས་ བྱ་རིགས་༣,༧༩༣ གྱངས་ཁ་རྐྱབ་ཚུགས་ཡོདཔ་ད་ ཨོ་རྒྱན་དབང་ཕྱུག་མཐའ་འཁོར་དང་ཉམས་སྲུང་ཞིབ་འཚོལ་སྤེལ་ཁང་གིས་ འདབ་ཆགས་རིག་པའི་མཁས་མཆོག་དང་ ཞིབ་འཚོལ་བ་ ཤེས་རབ་ཀྱིས་ སླབ་མིའི་ནང་ དུས་སྟོན་དེ་ རྫོང་ཁག་ནང་ བྱ་རིགས་མ་འདྲཝ་ཡོད་མི་ཚུ་ ཉམས་སྲུང་འབད་ནིའི་ བརྩོན་ཤུགས་བསྐྱེད་ཐབས་ལུ་དམིགས་ཏེ་ཨིན་ཟེར་ ཨིན་པས།
ཉིནམ་གསུམ་གྱི་རིང་ བྱ་ལྟ་མི་ཚུ་གིས་ བྱ་རིགས་མ་འདྲཝ་ཚུ་གི་པར་ བཏབ་ཚུགས་ཡོད་པའི་ཁར་ བྱ་རིགས་མཐོ་ཤོས་ར་ བ་ཏ་སེ་དང་ ཏིང་ཏི་སྦིས་ཀྱི་བར་ན་ བྱ་རིགས་༡༩༤ མཐོང་ཡོདཔ་ཨིན་པས།
བྱ་རིགས་ནང་ལས་ གྱངས་ཁ་མཐོ་ཤོས་ར་ ཏིང་ཏི་སྦིས་ལུ་ བྱ་གོ་བོ་འཁྱུ་༢༥ མཐོང་མི་དེ་ཨིནམ་ད་ ཉིནམ་གསུམ་གྱི་ནང་འཁོད་ལུ་ བྱ་གོ་བོ་༤༠ མཐོང་ཡོདཔ་ཨིན་པས།
ཤེས་རབ་ཀྱིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ བྱ་ལྟ་མིའི་གྱངས་ཁ་ཡང་ ཡར་སེང་སོང་ཡོདཔ་ལས་ ད་རེས་ དུས་རྒྱུན་དུ་ བྱ་ལྟ་མི་༥༠ དེ་ཅིག་ཡོད་ཟེར་ཨིནམ་ད་ ཁོང་གིས་ རྒྱལ་ཁབ་ནང་ བྱ་རིགས་གསརཔ་མཐོང་ནི་ལུ་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།
ད་ལྟོ་ རྒྱལ་ཁབ་ནང་ བྱ་རིགས་༧༤༧ ཐོ་བཀོད་འབད་དེ་ཡོད་མི་ལས་༥༠༠ དེ་ཅིག་ གཞལམ་སྒང་ལུ་ མཐོང་ཚུགསཔ་ད་ གཞན་ཚུ་ ཁྲུམས་སེང་ལ་དང་ མོང་སྒར་རྫོང་ཁག་ གླིང་མི་ཐང་ཚུ་ནང་ མང་སུ་སྦེ་ མཐོང་ཚུགསཔ་ཨིན་པས།
ཁོ་གིས་བཤད་མིའི་ནང་ རྒྱལ་ཁབ་ནང་ བྱ་རིགས་མ་འདྲཝ་ཚུ་ མཐོང་ཚུགས་མི་དེ་ཡང་ ཉམས་སྲུང་གི་སྲིད་བྱུས་ ལེགས་ཤོམ་ཡོད་མི་ལུ་བརྟེན་ཨིན་ཟེར་ བཤད་ཡོདཔ་ད་ སྲིད་བྱུས་དེ་ཚུ་ འཕྲོ་མཐུད་བཞག་པ་ཅིན་ འབྲུག་རྒྱལ་ཁབ་འདི་ དུས་རབས་ལས་བཅད་དེ་ བྱ་རིགས་འཁྱམས་ས་ཅིག་སྦེ་ གནས་ཚུགས་ནི་མས་ཟེར་ཨིན་པས།
སྤྱི་ལོ་༡༩༩༦ ལུ་ བྱ་རིགས་༦༡༦ ཐོ་བཀོད་འབད་མི་ལས་ ད་རེས་ ཡར་སེང་སོང་སྟེ་ཡོདཔ་ད་ ད་ལྟོ་བཟུམ་སྦེ་ར་ བྱ་རིགས་གསརཔ་ཚུ་ ཐོ་བཀོད་འབད་ཚུགས་པ་ཅིན་ རྒྱལ་སྤྱིའི་གནས་ཚད་ནང་ བྱ་རིགས་༧༧༠ འོང་ནིའི་ ཚོད་དཔག་འབད་མི་དེ་ ལྷོད་མ་ཚུགསཔ་ མི་འོང་ནི་མས་ཟེར་ཨིནམ་ད་ གྱངས་ཁ་དེ་ལུ་ལྷོད་པ་ཅིན་ བརྩི་སྲུང་འབད་ནིའི་ དུས་སྐབས་ཅིག་ འོང་ནི་མས་ཟེར་ཨིན་པས།
བྱ་ལྟ་མི་ཚུ་ག་ར་ གཅིག་ཁར་འཛོམས་ཐབས་ལུ་ འབྲུག་བྱ་རིགས་ཚོགས་པ་ གཞི་བཙུགས་འབད་ཡོདཔ་ད་ གཞི་བཙུགས་འབད་མིའི་གྲས་ལས་གཅིག་ འཐུས་མི་སྐལ་བཟང་རྡོ་རྗེ་ཨིནམ་ད་ ཁོ་གིས་སླབ་མིའི་ནང་ ཚོགས་པ་དེ་གིས་ གདོང་དེབ་ཕེསི་བུཀ་ འགོ་བཙུགས་མིའི་ནང་ འཐུས་མི་༡༢,༠༠༠ དེ་ཅིག་ཡོད་ཟེར་ ཨིན་པས།
རྒྱལ་ཁབ་ནང་ བྱ་ལུ་དགའ་མི་ ལེ་ཤ་ཡོད་པའི་ཁར་ བྱའི་གྱངས་ཁ་ཡང་ ལེ་ཤ་འདུག་ཟེར་ ཁོ་གིས་བཤད་པའི་ཁར་ ཚོགས་པ་དེ་གིས་ བྱ་ལུ་དགའ་མི་ཚུ་ག་ར་ གཅིག་ཁར་ འཛོམས་ནིའི་དོན་ལུ་ འགོ་བཙུགས་ཡི་ཟེར་ཨིན་པས།
ཞི་གཡོགཔ་ཨིན་མི་ སྐལ་བཟང་རྡོ་རྗེ་གིས་ སླབ་མིའི་ནང་ ཚོགས་པའི་འཐུས་མི་ཚུ་ཡང་ སློབ་དཔོན་དང་ ལྟ་བཤལཔ་ལམ་སྟོན་པ་ ནགས་ཚལ་གླིང་འཛིན་པ་ དེ་ལས་ བཟོ་རིག་འགོ་དཔོན་ཚུ་ཡོད་ཟེར་ ཨིན་པས།
ཤེས་རབ་ཀྱིས་ སླབ་མིའི་ནང་ ཚོགས་པ་དེ་གིས་ ད་རེས་ ན་གཞོན་ཚུ་གིས་ཡང་ བྱ་བལྟ་ནི་ལུ་ དང་འདོད་བསྐྱེད་བཅུག་ཐབས་ལུ་ བརྩོན་ཤུགས་བསྐྱེད་ནིའི་དོན་ལས་ སློབ་གྲྭ་ནང་ལས་ཕར་ བྱའི་སྡེ་ཚན་ཟེར་ འགོ་བཙུགས་ཏེ་ རྒྱང་ཤེལ་ལ་སོགས་པ་ཚུ་ བྱིན་ཏེ་ཡོད་ཟེར་ཨིན་པས།
ཚོགས་པ་དེ་ མ་འོངས་པའི་ནང་ ཞི་བའི་མི་སྡེ་ལས་ཚོགས་ཅིག་སྦེ་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིནམ་ བྱ་ལྟ་མི་ འཕྲིན་ལས་དབང་ཕྱུག་གིས་ སླབ་མིའི་ནང་ ད་ཚུན་ ཁོ་གིས་ རྒྱལ་ཁབ་ནང་འཁོད་ལས་ བྱ་རིགས་༦༠༠ དེ་ཅིག་ མཐོང་ཚུགས་རུང་ ཁོ་གིས་ སྤྲོ་བ་སྦོམ་ཤོས་ར་ གཞལམ་སྒང་ལུ་ མཐོང་མི་ཚུ་ཨིན་ཟེར་ ཨིན་པས།
སྤྱི་ཟླ་༡༡ པའི་ཚེས་༡༡ ལུ་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ བྱ་རིགས་གསརཔ་མཐོང་མི་ སའི་བི་རི་ཡཱན་ རུ་བའི་ཐོ་རོཊ་ཟེར་མི་དེ་ འགོ་འབྱེད་འབད་ཡོདཔ་ཨིན་པས།
ཤེས་རབ་ཀྱིས་ སླབ་མིའི་ནང་ སའི་བི་རི་ཡ་དང་ ར་ཤི་ཡ་ལུ་ མཐོང་ཚུགས་མི་བྱ་རིགས་དེ་ དགེ་ལེགས་ཕུག་དང་ བསམ་རྩེ་ དེ་ལས་ བསམ་གྲུབ་ལྗོངས་མཁར་ལ་སོགས་པའི་ ས་ཁོངས་ཚུ་ནང་ཡང་ མཐོང་ཚུགས་རུང་ གཞལམ་སྒང་ལུ་མཐོང་མི་དེ་ འགོ་དང་པ་ཨིན་ཟེར་ ཨིན་པས།
བྱ་རིགས་དེ་ གནམ་དགུན་ལུ་ མཐོང་ཚུགས་པའི་ཁར་ སའི་བི་རི་ཡ་ལུ་འཁྱམས་ཏེ་ གནམ་དགུན་ལུ་ ལྷོ་ཁ་ཐུག་ འགྱོཝ་ཨིན་ཟེར་ཨིན་པས།
བྱ་རིགས་དེ་དང་གཅིག་ཁར་ བློན་ཆེན་གྱིས་ ད་རུང་ རུ་ཕོསི་ལ་ཕིང་ཐ་རསི་དང་ གེ་རེ་ཀ་ན་རེ་ ཕཱ་ཡེལ་ཀེ་ཆར་ཟེར་མི་༢ ཡང་ དུས་སྟོན་དང་འབྲེལ་ འགོ་འབྱེད་འབད་ཡོདཔ་ཨིན་པས།
ཉིན་གྲངས་གསུམ་འབད་མི་ བྱ་རིགས་དུས་སྟོན་དེ་ ཁ་ཙ་ མཇུག་བསྡུ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

 

About admin

Check Also

གསར་སྤང་རྫོང་ སྤྱི་ལོ་༢༠༢༣ ལུ་ བསྒྲུབ་མི་ཚུགས་ནི་བཟུམ་ཡོདཔ།

༉ གསར་སྤང་རྫོང་གསར་བཞེངས་ཀྱི་ལཱ་ནང་ ལས་མི་ལངམ་མེདཔ་ལས་ ཐོགས་ལུས་ཏེ་ཡོདཔ་ཨིན་པས། དེ་ཡང་ རྒྱ་གར་གྱི་ལས་མི་ ལག་རྩལ་ཅན་ཚུ་ ས་མཚམས་སྒོ་ར་བསྡམས་ཞིནམ་ལས་ཚུར་ ནང་ན་ལེན་མ་ཚུགས་པའི་ཁར་ ཉེ་འདབས་ཀྱི་ རྫོང་ཁག་ཚུ་ལས་འོང་མི་ ལས་མི་ཚུ་ཡང་ ཞིང་ལཱ་འབད་བར་ ལོག་ཁྱིམ་ནང་ སོང་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *