ཏམ་ཁུ་བཙོང་ནིའི་དོན་ལུ་ ས་ཁོངས་ཚུ་ནང་ ཚོང་ཁང་ངོས་འཛིན་འབད་ཡོདཔ།

༉ ད་རེས་ ཐིམ་ཕུག་ཁྲོམ་གྱི་ ས་ཁོངས་སོ་སོའི་ནང་ ཏམ་ཁུའི་ཐོན་སྐྱེད་ཚུ་ བཙོང་ནིའི་དོན་ལུ་ ཚོང་ཁང་ངོས་འཛིན་འབད་དེ་ཡོདཔ་ཨིན་པས།
འབྲུག་ཁྲལ་ཡངས་ལས་འཛིན་གྱིས་ ཆུ་བར་ཆུ་ལུ་ བཙོང་ས་ལྟེ་བའི་ནང་ ཏམ་ཁུའི་ཐོན་སྐྱེད་ཉོ་མི་ ག་ཐོབ་རྐྱབ་སྟེ་ སྟབས་མ་བདེཝ་བཟོ་བའི་ཤུལ་ལས་ སྤྱི་ཟླ་༩ པའི་ཚེས་༡ ལས་ ཚོང་ཁང་ཚུ་ལུ་ བགོ་བཀྲམ་འབད་ནི་སྦེ་ ཐག་བཅད་ནུག།
ས་ཁོངས་དེ་ནང་ བདེ་སྲུངཔ་དང་ ཁྲིམས་སྲུང་འགག་པའི་ ལྟ་རྟོག་སྡེ་ཚན་གྱིས་ མི་ཚུ་གི་བར་ན་ ས་སྟོང་བཞག་ནི་ལུ་ གདོང་ལེན་བྱུང་ཡོདཔ་མ་ཚད་ འབྲུག་ཁྲལ་ཡངས་ལས་འཛིན་གྱི་ ཏམ་ཁུ་བཙོང་ཁང་དེ་ ཉིན་ལྟོའི་དུས་ཚོད་ལས་ སྒོ་བསྡམས་བཞག་མི་ལུ་བརྟེན་ ཚོང་མགྲོན་པ་ཚུ་ དབུགས་འགམ་བཅུག་ཡོདཔ་ཨིན་པས།
ཏམ་ཁུའི་ཐོན་སྐྱེད་བཙོང་ས་དེ་ དྲོ་པའི་ཆུ་ཚོད་ཕྱེད་དང་༡༠ དེ་ཅིག་ཁར་རྐྱངམ་གཅིག་ སྒོ་ཕྱེ་དོ་ཡོད་རུང་ ཉོ་དགོ་མནོ་མི་ ཚོང་མགྲོནཔ་ཚུ་གིས་ དྲོ་པའི་ཆུ་ཚོད་༥ ལས་འོང་སྟེ་ སྒུག་སྡོད་དོ་ཡོདཔ་ད་ ཉིནམ་༡ ནང་ བཙོང་ཁང་དེ་ནང་ ཏམ་ཁུ་ཉོ་མི་ མི་༨༠༠ དེ་ཅིག་ སྤུངས་འཛོམས་འབདཝ་ཨིན་པས།
ལས་འཛིན་གྱིས་ མི་སྤུངས་འཛོམས་འབད་མི་བཅུག་ནིའི་ ཐབས་ལམ་ཅིག་ ཏམ་ཁུའི་ཐོན་སྐྱེད་ཚུ་ ཤོག་བྱང་སྤྲོད་ཞིནམ་ལས་ གྱལ་ནང་སྡོད་བཅུག་སྟེ་ བཙོང་ཡོདཔ་ད་ འཕྲལ་འཕྲལ་ར་ ཤོག་བྱང་༥༠༠ དེ་ཅིག་ བཀྲམ་སྤེལ་འབད་དོ་ཡོད་རུང་ ཚོང་མགྲོན་པའི་གྱངས་ཁ་ ཉིན་བསྟར་བཞིན་དུ་ ཡར་སེང་སོང་ཡོདཔ་ཨིན་པས།
མི་ཚད་ལས་བརྒལ་ སྤུངས་འཛོམས་འབད་མི་བཅུག་ནིའི་དོན་ལུ་ བཙོང་ས་༣ སྒོ་ཕྱེ་ཡོད་རུང་ གནས་སྟངས་དེ་ སྐྱོ་དྲགས་སོང་ཡོདཔ་ཨིན་པས།
ཚོང་མགྲོནཔ་ཅིག་གིས་ སླབ་མིའི་ནང་ མོ་གིས་ ཁ་ཉིནམ་དྲོ་པའི་ཆུ་ཚོད་༦ དེ་ཅིག་ལུ་ ཏམ་ཁུའི་ཐོན་སྐྱེད་བཙོང་སར་ ལྷོད་པའི་སྐབས་ མོ་གི་ཧེ་མར་ མི་༨ རྐྱངམ་གཅིག་སྡོད་རུང་ མི་ཚུ་ ག་ཐོབ་རྐྱབ་སྟེ་ ཕར་ཚུར་འཕུལ་ཡི་ར་ བར་ན་འཛུལ་བའི་སྐབས་ མོ་གི་གྱལ་ཡང་ བྱང་ཡོདཔ་ལས་ སེམས་མ་དགའ་ཟེར་ ཨིན་པས།
ཚོང་མགྲོནཔ་གཞན་ཅིག་གིས་ རྟ་བབ་ལས་ ཟ་ནི་གི་ ཏམ་ཁུ་བཱ་བཱ་ཉོ་བར་ འོང་ཡོད་རུང་ བཙོང་ས་དེ་ དུས་ཚོད་མ་རནམ་ལས་ སྒོ་བསྡམས་ཏེ་ བདའ་བཏང་ཡི་ཟེར་ བཤད་པའི་ཁར་ འབད་ཆོག་པ་ཅིན་ ཁོ་རའི་ཐོབ་སྐལ་ འཐོབ་ནིའི་དོན་ལུ་ བཙོང་སའི་ཉེ་འདབས་ལུ་ གུར་སྤུབ་སྡོད་འོང་ཟེར་ སླབ་ཨིན་པས།
ལས་འཛིན་གྱི་ ཏམ་ཁུའི་ཐོན་སྐྱེད་བཙོང་སར་ སྒྲིག་གཡོག་ནང་སྡོད་མི་ བདེ་སྲུངཔ་ཅིག་གིས་ སླབ་མིའི་ནང་ ཡུདཔ་ཅིག་ལས་ མི་ཚུ་དྲག་སྐྱེད་ དུམ་ལང་པའི་བསྒང་ལས་ སྤུངས་འཛོམས་འབད་མི་དེ་ འཛིན་སྐྱོང་འཐབ་ནི་ལུ་ཡང་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།
བཙོང་སའི་ས་ཁོངས་ནང་འོང་མི་ ལ་ལོ་ཅིག་གིས་ སླབ་མིའི་ནང་ ཏམ་ཁུའི་ཐོན་སྐྱེད་ཉོ་མི་ མང་ཤོས་ཅིག་ ཏམ་ཁུ་མ་སྤྱོད་མི་ རང་གི་བཟའ་ཚང་འཐུས་མི་དང་ ཆ་རོགས་ཚུ་འཁྱིད་འོངམ་མས་ཟེར་ཨིན་པས།
ཚོང་མགྲོནཔ་ལ་ལོ་ཅིག་གིས་ སླབ་མིའི་ནང་ མི་ཚུ་གིས་ གཞན་གྱི་མི་ཁུངས་ངོ་སྤྲོད་ལག་ཁྱེར་ ལོག་སྤྱོད་འབད་དེ་ ཏམ་ཁུའི་ཐོན་སྐྱེད་མངམ་ཉོ་འབགཔ་མས་ཟེར་ཨིནམ་ད་ ཚོང་པ་ཚུ་གིས་ ཏམ་ཁུ་བཅུ་རྡོག་༡༢ ལུ་ དངུལ་ཀྲམ་༡༥༠ རེ་སྤྲོད་དེ་ ཉོ་ཞིནམ་ལས་ དངུལ་ཀྲམ་༢༥༠ རེ་སྦེ་ བཙོངམ་མས་ཟེར་ ཉོགས་བཤད་བཀོདཔ་ཨིན་པས།
སྤྱི་སྙོམས་སྦེ་ བགོ་བཀྲམ་འབད་ནི་དང་ མ་འོངས་པར་ བྱ་སྟབས་མ་བདེཝ་མི་འབྱུང་ནིའི་དོན་ལུ་ ཚོང་མགྲོནཔ་ཚུ་གིས་ ནད་ཡམས་ཀོ་བིཌ་-༡༩ འི་ལམ་སྟོན་དང་འཁྲིལ་ ཉེན་སྲུང་གི་ཐབས་ལམ་ཚུ་ བཏོན་དགོཔ་ཨིན་པས།
ས་ཁོངས་ཆ་མཉམ་ནང་ ཏམ་ཁུའི་ཐོན་སྐྱེད་ཚུ་ ཁ་ཙ་ལས་ བཙོང་ནི་ལོག་བཙུགས་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

 

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *