ཌི་ཇི་ཊཱལ་འབྲུག་ཡུལ་ གྲུབ་འབྲས་ལེགས་ཐོན་བྱུང་ཡོདཔ།

༉ ཌི་ཇི་ཊཱལ་འབྲུག་ཡུལ་ཟེར་མི་ ལས་རིམ་དེ་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་བཞིན་དུ་ ལས་རིམ་དེ་གི་འོག་ལུ་ ལས་སྣ་ཁག་༨ ཡོད་མི་ཚུ་གི་གྲས་ལས་ ཌི་ཇི་ཊཱལ་ངོ་རྟགས་དང་ གཞུང་གིས་འགོ་འདྲེན་འཐབ་པའི་མཐུད་སྦྲེལ་ དེ་ལས་ འབྲུག་གཅིག་སྒྲིལ་ཁྲལ་བཀལ་ལམ་ལུགས་༣ ནང་ གྲུབ་འབྲས་ལེགས་ཐོན་བྱུང་ཡོདཔ་ཨིན་པས།
དེ་གི་སྐོར་ལས་ ཁ་ཙ་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་འོག་གི་ བརྡ་དོན་འཕྲུལ་རིག་དང་ བརྒྱུད་འཕྲིན་ལས་ཁུངས་ཀྱིས་ བློན་ཆེན་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ལུ་ གསལ་ཞུ་འབད་ཡི།
དེ་གི་སྐབས་ལུ་ བརྡ་དོན་དང་བརྒྱུད་འབྲེལ་བློན་པོ་ ཀརྨ་རྡོ་གནོན་དབང་འདུས་ཀྱིས་ཡང་ གྲལ་གཏོགས་འབད་ཡི།
ལས་ཁུངས་ཀྱི་མདོ་ཆེན་ འཇིགས་མེད་བསྟན་འཛིན་གྱིས་ གསལ་ཞུ་འབད་མིའི་ནང་ ཌི་ཇི་ཊཱལ་ངོ་རྟགས་ཀྱི་ ལས་སྣ་དེ་ སྤྱི་ཟླ་༥ པའི་ཚེས་༢༢ ལུ་ འབྲུག་རྒྱུ་ནོར་གཞི་བཟུང་ལུ་ སྤྲོད་ཡོདཔ་བཞིན་དུ་ ཁོང་གིས་ ད་ལྟོ་ ལས་ཁུངས་ཀྱི་དགོས་མཁོ་དང་འཁྲིལ་ ལཱ་འབད་བཞིན་དུ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལཱ་དེ་ འབྲུག་རྒྱུ་ནོར་གཞི་བཟུང་ལུ་ སྤྲོད་དགོ་མི་དེ་ཡང་ གཙོ་བོ་ར་ ལཱ་གི་གྲུབ་འབྲས་ཀྱི་སྤུས་ཚད་ ལེགས་ཤོམ་འཐོབ་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
འབྲུག་རྒྱུ་ནོར་གཞི་བཟུང་ལུ་ ཕྱི་རྒྱལ་གྱི་ ཌི་ཇི་ཊཱལ་ངོ་རྟགས་ཀྱི་ མཁས་མཆོག་ཅིག་ཡོདཔ་ད་ ཁོ་ཡང་ ད་རེས་ འབྲུག་ལུ་ར་ ཡོདཔ་ཨིན་པས།
ལས་ཁུངས་ཀྱི་ བརྡ་དོན་འཕྲུལ་རིག་གཙོ་འཛིན་འོག་མ་ བློ་བཟང་རྒྱ་མཚོ་གིས་ སླབ་མིའི་ནང་ ཌི་ཇི་ཊཱལ་ངོ་རྟགས་དེ་ ངོ་མ་ག་བཟུམ་ཅིག་ འོང་ནི་ཨིན་ན་དེ་ སྤྱི་ཟླ་༨ པ་ མཇུག་བསྡུ་བའི་བསྒང་ལས་རྐྱངམ་གཅིག་ ཤེས་ཚུགས་ཟེར་ཨིན་པས།
དེ་ལས་ གཞུང་གིས་འགོ་འདྲེན་འཐབ་པའི་ མཐུད་སྦྲེལ་གྱི་ཐད་ཁར་ ལས་སྡེ་༢ ལུ་ དངུལ་ཀྲམ་ས་ཡ་༢༤༩ གནས་པའི་ ཁག་འབག་གི་ལཱ་སྤྲོད་ཚར་ཏེ་ཡོད་ཟེར་ཨིནམ་ད་ དེ་གི་གྲས་ལས་ དཔལ་ལྡན་ལས་སྡེ་གིས་ ཨོབ་ཊིག་ཕའི་བར་ཚུ་ མཁོ་སྒྲུབ་འབད་དེ་ ལཱ་འགོ་བཙུགས་ཡོདཔ་ད་ ཨི་འབྲུག་གི་ ཅ་ཆས་ཚུ་ཡང་ རྒྱ་གར་ཀཱོལ་ཀ་ཏ་ལུ་ ལྷོད་ཡོདཔ་བཞིན་དུ་ ད་ལྟོ་ ཅ་དམ་གྱི་ལཱ་ཚུ་ འབད་བའི་བསྒང་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ འབྲུག་གཅིག་སྒྲིལ་ཁྲལ་བཀལ་ལམ་ལུགས་ཀྱི་ དངུལ་ཀྲམ་ས་ཡ་༢༡༠ གནས་པའི་ལཱ་ཚུ་ སྤྲོད་ཚར་ཏེ་ཡོད་ཟེར་ བློ་བཟང་རྒྱ་མཚོ་གིས་ སླབ་ཨིན་པས།
ལས་རིམ་དེ་ བཟོ་ནིའི་དོན་ལུ་ ཕྱིའི་མཁས་མཆོག་༣ སྤྱི་ཟླ་༧ པའི་ཚེས་༢༨ ལས་ ཟུར་བཞག་ནང་ བཙུགས་ཏེ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ གཞན་མི་ལས་སྣ་ཚུ་ཡང་ ལེགས་ཤོམ་སྦེ་ འགོ་འདྲེན་འཐབ་བཞིན་དུ་ཡོདཔ་ད་ བློ་བཟང་རྒྱ་མཚོ་གིས་ སླབ་མིའི་ནང་ ཁོང་གིས་ ཟླ་ངོ་༣ རེའི་རྒྱབ་ལས་ ཚར་རེ་ བློན་ཆེན་ཡིག་ཚང་ལུ་ ལཱ་གི་གྲུབ་འབྲས་ཀྱི་སྐོར་ལས་ སྙན་ཞུ་འབད་དགོཔ་ད་ དེ་གི་སྐབས་ལུ་ ལས་རིམ་ཚུ་གི་གྲས་ལས་ གྲུབ་འབྲས་དྲག་ཤོས་ཐོན་མི་༣ གདམ་འཐུ་འབད་དེ་ གསལ་ཞུ་འབདཝ་ཨིན་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

 

About admin

Check Also

གནམ་གཤིས་འགྱུར་བགྲོད་ཀྱིས་ སྐྱེ་ལྡན་རིགས་སྣ་ལུ་གནོད་ཉེན།

༉ རྒྱལ་སྤྱི་འཛམ་གླིང་ནང་ སྐྱེ་ལྡན་རིགས་སྣ་༡༡,༠༠༠ དེ་ཅིག་ཡོད་མི་ལས་ འབྲུག་རྒྱལ་ཁབ་འདི་ སྐྱེ་ལྡན་རིགས་སྣ་གིས་ ཕྱུག་མི་ཅིག་ཨིནམ་ད་ རྒྱལ་ཁབ་ཀྱི་ས་ཁོངས་དང་ སའི་ཆགས་ཚུལ་ སའི་དབྱིབས་དང་འཁྲིལ་ ཤིང་སྣ་དང་ སྲོག་ཆགས་སྣ་ཚོགས་ཀྱིས་ གང་ཡོདཔ་ཨིན། ཨིན་རུང་ འཛམ་གླིང་གངས་ལྗོངས་ནང་ …

Leave a Reply

Your email address will not be published. Required fields are marked *