སྤྱི་ལོ་༢༠༡༨ ཟླ་༡༠ པའི་ནང་ སོ་ནམ་པ་ཅིག་གིས་ ལྐོང་ཚོང་འཐབ་ནིའི་དོན་ལུ་ བོད་ཕ་རི་ལས་ དངུལ་ཀྲམ་ས་ཡ་༡༢༦.༦༢༢ ལྷགཔ་ཅིག་གནས་པའི་ གསེར་ཀེ་ཇི་༤༣ འབག་འོངམ་ད་ སྤ་རོའི་ཁྲིམས་སྲུང་འགག་པ་གིས་ འབྲུག་རྒྱལ་རྫོང་གི་ ཉེ་འདབས་ལས་ འཕྱོག་བཟུང་འབད་ནུག།

ཉེས་འཛུགས་ཅན་༥༩ ལུ་ གསེར་ལྐོག་ཚོང་གི་ རྩོད་བཤེར་འབད་བའི་བསྒང་ཡོདཔ།

ལྐོག་ཚོང་གི་ རྩོད་དོན་༡༤ བསྡོམས་ད་ གསེར་ཀེ་ཇི་༢༠༡.༦༦༢ ཐོནམ་ཨིན་པས།

༉ སྤྱི་ལོ་༢༠༡༩ ལུ་ སྤ་རོ་རྫོང་ཁག་ནང་ གསེར་ནག་ཚོང་འཐབ་མི་ དོགས་པ་ཅན་ཚུ་ གཅིག་ཤུས་གཉིས་ཤུལ་སྦེ་ འཛིན་བཟུང་འབད་བའི་ འུར་བྱེལ་ལང་མི་དེ་ སྤྱི་ཟླ་༩ པའི་ནང་ ས་མཚམས་མཆོད་རྟེན་གྱི་ ས་ཁོངས་ནང་ སྐྱེས་ལོ་༨ ལང་མི་ སློབ་ཕྲུག་བུམོ་ཅིག་ལུ་ དབང་བཙོང་འདོད་སྤྱོད་དང་ དམར་བསད་འབད་མི་གིས་ མར་གནོན་འབད་བའི་ མངོན་གསལ་བྱུང་ཡི།
དེ་ཡང་ ཁྲིམས་སྲུང་འགག་པ་གིས་ ཚེ་འདས་བུམོ་དམར་བསད་འབད་མི་ལུ་ ཞིབ་དཔྱད་དང་དོགས་པ་ཅན་ཚུ་ལུ་ དྲི་ཞིབ་འབད་ནི་ འགོ་བཙུགས་མི་དང་ མི་ངན་ཚུ་གིས་ མིའི་སྤྱོད་པ་ལས་འདས་པའི་ བྱ་ངན་འཐབ་མི་ལུ་བརྟེན་ གསེར་ལྐོག་ཚོང་འཐབ་པའི་ རྩོད་དོན་ཚུ་ འགྲོས་ཀྱིས་བཏང་སྟེ་ མི་མང་གི་ སེམས་ལས་བརྗེད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
དེ་འབདཝ་ད་ སློབ་ཕྲུག་བུམོ་ཅུང་དམར་བསད་དང་ འབྲེལ་བ་ཅན་ཚུ་ བདའ་ཟུན་མ་ཚུགས་པའི་ཁར་ ཁྲིམས་སྲུང་འགག་སྡེའི་ ཁ་ཐུག་ལས་ ཞིབ་དཔྱད་སྙན་ཞུ་ཐོན་ནི་མེད་པར་ རྩོད་དོན་དེ་ཡང་ ཡལ་ཉམས་འགྱོ་ནི་གུ་ལྷོད་པའི་ ནམ་དུས་ལུ་ གསེར་ནག་ཚོང་གི་ རྩོད་དོན་ཚུ་ ནན་བསྐྱར་དུ་ ཐོན་ཏེ་འདུག།
ད་རེས་ནངས་པར་ སྤ་རོ་རིན་སྤུངས་རྫོང་ནང་ཡོད་མི་ རྫོང་ཁག་ཁྲིམས་འདུན་གྱི་ ཡིག་ཚང་དང་ རྡོ་གཅལ་ནང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ཁྲིམས་རྩོདཔ་ཚུ་དང་ རྩོད་ཟླ་ལེ་ཤ་ཅིག་ར་ མཐོང་གསལ་བྱུངམ་ཨིན་པས།
དེ་ཡང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ངོ་ཚབ་ཚུ་གིས་ གསེར་ནག་ཚོང་ཁག་སོ་སོའི་ནང་ འབྲེལ་གཏོགས་ཡོད་མི་ ཉེས་འཛུགས་ཅན་༥༩ དེ་ཅིག་ལུ་ ཉེས་བཤེར་འབད་བའི་བསྒང་འདུག།
རྩོད་གཞི་ཕྱེ་བའི་བསྒང་ཡོད་མི།
སྤྱི་ཟླ་༢ པའི་ཚེས་༡༠ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྤ་རོ་རྫོང་ཁག་ཁྲིམས་ཀྱི་འདུན་སར་ རྩོད་ཟླ་༨ ལུ་ གསེར་ཀེ་ཇི་༣༢ ལྐོང་ཚོང་འཐབ་པའི་ ཉེས་འཛུགས་རྩོད་འཛིན་ནང་ ཐོ་བཀོད་འབད་མི་བརྩིས་ཏེ་ ད་ལྟོ་ རྒྱ་གར་གྱི་ མི་༣ དང་ འབྲུག་པའི་ཨམ་སྲུ་༦ དེ་ལས་ ཕོ་སྐྱེས་༥༠ དང་ རྩོད་གཞི་ཕྱེ་བའི་བསྒང་འདུག།
རྫོང་ཁག་ཁྲིམས་འདུན་ལས་ཐོབ་མི་ གསེར་ལྐོག་ཚོང་ལུ་བརྟེན་པའི་ རྩོད་གཞིའི་ཐོ་དང་འཁྲིལཝ་ད་ རྩོད་དོན་ཁག་༡༤ ནང་ བསྡོམས་ཀྱིས་གསེར་ཀེ་ཇི་༢༠༡.༦༦༢ དེ་ཅིག་ཡོདཔ་ད་ གནས་གོང་འབད་བ་ཅིན་ གསེར་ག་རམ་རེ་ལུ་ དངུལ་ཀྲམ་༢,༨༠༠ རེ་ རྩིས་རྐྱབ་པ་ཅིན་ དངུལ་ཀྲམ་ས་ཡ་༥༦༤.༦༥༣ དེ་ཅིག་ཨིན་པས།
རྩོད་གཞི་ཚུ་ཡང་ མང་ཤོས་ར་ ན་ཧིང་ ཐོ་བཀོད་འབད་མི་ཚུ་ཨིནམ་ད་ ཁྲིམས་འདུན་ལས་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཉེས་འཛུགས་ཅན་༡༡ དེ་ཅིག་ཡོད་མི་ རྩོད་དོན་༥ ད་ལྟོ་ སྒྲུབ་བྱེད་སྙན་གསན་ནང་ ལྷོད་དེ་ཡོད་རུང་ རྩོད་དོན་མང་ཤོས་ར་ སྟ་གོན་སྙན་གསན་གྱི་ བྱ་རིམ་ནང་ཡོད་ཟེར་ཨིན་པས།
རྩོད་གཞི་ཕྱེ་འཕྲོ་ཡོད་མི་ཚུ་གི་གྲས་ལས་ གསེར་ཀེ་ཇི་༣༡ ལྐོག་ཚོང་ནང་ ཉེས་འཛུགས་ཅན་༦ དང་ གསེར་ཀེ་ཇི་༢༠ ནང་ རྩོད་ཟླ་༢ ཡོད་པའི་ཁར་ གསེར་ཀེ་ཇི་༢༨ ནག་ཚོང་འཐབ་མིའི་ནང་ མི་༡༠ ལུ་ ཉེས་འཛུགས་འབད་དེ་འདུག།
དེ་བཟུམ་སྦེ་ གསེར་ཀེ་ཇི་༡༠ ལྐོག་ཚོང་འཐབ་མིའི་ནང་ མི་༨ དང་ གསེར་ཀེ་ཇི་༢༤ ནང་ མི་༥ དེ་ལས་ གསེར་ཀེ་ཇི་༥༢ ལྐོག་ཚོང་འཐབ་མིའི་ནང་ མི་༡༠ ལུ་ ཉེས་འཛུགས་འབད་ཡོདཔ་ད་ གསེར་དེ་ཚུ་ བྱང་ཕྱོགས་ས་མཚམས་ བོད་ལས་ ནང་འདྲེན་འབད་ཡོདཔ་ཨིན་པས།
ངོ་རྐྱང་ཐོག་ལུ་ གསེར་ནང་འདྲེན་འབད་མིའི་ནང་ ཨམ་སྲུ་ཅིག་གིས་ གསེར་ཀེ་ཇི་༢.༡༧༤ དང་ ཨམ་སྲུ་གཞན་ཅིག་གིས་ གསེར་ག་རམ་༦༠༠ དེ་ལས་ ཕོ་སྐྱེས་ཅིག་གིས་ གསེར་ག་རམ་༤༠༠ འབག་འོང་པའི་ ཉེས་འཛུགས་འབད་ཡོདཔ་ད་ རྒྱ་གར་གྱི་ ཕོ་སྐྱེས་༣ ལུ་ གསེར་ག་རམ་༡༡༡ དང་ ག་རམ་༨༠༠.༨ དེ་ལས་ ག་རམ་༥༧༦.༨༦ བེང་ཀོག་ལས་ གནམ་གྲུ་ནང་ འབག་འོང་ཡོདཔ་ཨིན་པས།
རྩོད་ཟླ་༢༡ གིས་མཐོ་གཏུགས།
རྩོད་དོན་ཁག་སོ་སོའི་ནང་ གསེར་ལྐོག་ཚོང་འཐབ་པའི་ རྩོད་ཟླ་༢༡ གིས་ སྤ་རོ་རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་པར་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་ཨིན་པས།
མཐོ་གཏུགས་ཞུ་མི་ཚུ་གི་ རྩོད་དོན་ནང་ གསེར་ཀེ་ཇི་༡༠༩.༠༤ ལྐོག་ཚོང་འཐབ་པའི་ བཙོན་ཁྲིམས་མཐོ་ཤོས་ལོ་༦ ཕོག་ཡོདཔ་ཨིན་པས།
དེ་ཚུ་གི་གྲས་ལས་ སྤྱི་ལོ་༢༠༡༨ ཟླ་༡༠ པའི་ནང་ བཙན་ཏོག་ལས་ སྐྱེས་ལོ་༤༨ ལང་མི་ སོ་ནམ་པ་ཅིག་གིས་ ལྐོང་ཚོང་འཐབ་ནིའི་དོན་ལུ་ བོད་ཕ་རི་ལས་ དངུལ་ཀྲམ་ས་ཡ་༡༢༦.༦༢༢ ལྷགཔ་ཅིག་གནས་པའི་ གསེར་ཀེ་ཇི་༤༣ ཚུལ་མིན་གྱི་སྒོ་ལས་ ནང་འདྲེན་འབད་མི་ལུ་བརྟེན་ ན་ཧིང་ སྤ་རོ་ཁྲིམས་འདུན་གྱིས་ ཁོ་ལུ་ བཙོན་ཁྲིམས་ལོ་༦ བཀལ་ནུག།
ཁྲིམས་སྲུང་འགག་པ་གིས་ རྩོད་ཟླ་ལས་ ཀེ་ཇི་རེ་འབད་མི་ གསེར་པག་ཅུང་༤༣ འཕྱོག་བཟུང་འབད་བའི་ཤུལ་ལས་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལུ་ རྩིས་སྤྲོད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ གསེར་ཀེ་ཇི་༢༠ ལྐོག་ཚོང་འཐབ་མི་ རྩོད་ཟླ་༤ དང་ གསེར་ཀེ་ཇི་༡༣ ལྐོག་ཚོང་འཐབ་པའི་ བཙོན་ཁྲིམས་ཕོག་མི་༢ དེ་ལས་ གསེར་ཀེ་ཇི་༦ ལྐོག་ཚོང་འཐབ་མི་༤ དང་ གསེར་ཀེ་ཇི་༡༥ ནང་འདྲེན་འབད་མི་ རྩོད་ཟླ་༣ གྱིས་ཡང་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་དེ་ཡོདཔ་ཨིན་པས།
རྫོང་ཁག་ཁྲིམས་འདུན་གྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ད་ལྟོ་ ཁྲིམས་ཀྱི་འདུན་སར་ ཉེས་རྩོད་ཚུ་གི་གྲས་ལས་ མཐོ་ཤོས་ར་ གསེར་ལྐོག་ལསབརྟེན་པའི་ རྩོད་གཞི་ཚུ་ཨིན་ཟེར་ཨིན་པས།
ད་རུང་ ཁྲིམས་སྲུང་འགག་སྡེ་གིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ གསེར་ལྐོག་ཚོང་དང་འབྲེལ་བའི་ ཞིབ་དཔྱད་སྙན་ཞུ་༤ བཏང་མི་དེ་ ཁྲིམས་ཀྱི་འདུན་སར་ མ་བཙུགས་པར་ཡོདཔ་ཨིན་པས།
དེ་ཡང་ གསེར་ཀེ་ཇི་༢༢ ནག་ཚོང་འཐབ་མིའི་ནང་ མི་༦ དང་ གསེར་ཀེ་ཇི་༡༤ ནང་ མི་༨ གྲལ་གཏོགས་ཡོད་པའི་ཁར་ གསེར་ཀེ་ཇི་༥ ལྐོག་ཚོང་འཐབ་མིའི་ནང་ མི་༧ ལུ་ ཉེས་འཛུགས་འབད་དགོཔ་སྦེ་ ཁྲིམས་སྲུང་འགག་སྡེ་གིས་ གྲོས་འདེབས་བཀོད་དེ་ཡོདཔ་ཨིན་པས།
དེ་ལས་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༡༥ ལུ་ ཕོ་སྐྱེས་ཅིག་གིས་ བེང་ཀོག་ལས་ གནམ་གྲུ་ནང་ འཕུར་འགྲུལ་འབདཝ་ད་ གསེར་ཀེ་ཇི་༣.༥༠༢ དེ་ཅིག་ རྒྱང་མཐོང་ཊི་བིའི་ སྒྲ་འཛིན་སྒྲོམ་ནང་ བཙུགས་འབག་འོང་པའི་ རྩོད་གཞི་དེ་ཡང་ བདུན་ཕྲག་འདི་ནང་ རྫོང་ཁག་ཁྲིམས་ཀྱི་འདུན་སར་ ཐོ་བཀོད་འབད་འོང་ཟེར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ཁྲིམས་རྩོདཔ་ཅིག་གིས་ བཤདཔ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག། སྤ་རོ།

 

About admin

Check Also

འགྲོ་འགྲུལ་བཀག་དམ་སྐབས་ རང་དང་གཞན་གྱི་ཉེན་སྲུང་དོན་ལུ་ རང་སོའི་ཁྱིམ་ནང་སྡོད་དགོཔ།

༉ ད་རེས་ཁམས་ ཟུར་བཞག་ས་ཁོངས་ནང་ ལོག་ཅི་ར་ བརྟག་དཔྱད་འབད་དེ་ ལོག་བཏང་མི་ཨམ་སྲུ་ཅིག་ ཀོ་རོ་ན་བའེ་རཱསི་ནད་འབུབ་ཡོད་པའི་ ནད་བརྟག་གྲུབ་འབྲས་ཐོན་མི་དང་འཁྲིལ་ ཁ་ཙ་ལས་འགོ་བཙུགས་ རྒྱལ་ཁབ་མཐའ་དབུས་མེད་པར་ འགྲོ་འགྲུལ་བཀག་དམ་ཡོདཔ་བཞིན་དུ་ ཨམ་སྲུ་དེ་དང་གཅིག་ཁར་ འབྲེལ་བ་འཐབ་མི་ཚུ་ འཚོལ་ཞིབ་ཐོག་ལས་ བརྟག་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *