ཉེན་སྲུང་གི་དོན་ལུ་ ཁྱིམ་ནང་ར་སྡོད་དགོཔ།

༉ ད་རེས་ནངས་པར་ ནད་ཡམས་ཀོ་རོ་ན་བའེ་རཱསི་༼COVID-19༽གིས་ རྒྱལ་ཁབ་ཕྱུགཔོ་དང་སྤྱང་ཀ་ གོང་འཕེལ་ཐལ་མི་དང་ གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ དེ་ལས་ མི་དྲག་ཞན་དང་ ཆེ་ཆུང་ལུ་ མ་བལྟ་བར་ གནོད་སྐྱོན་རྐྱབ་མི་ལུ་བརྟེན་ འཛམ་གླིང་ནང་ ཚ་གྱང་ཅན་གྱི་ གནད་དོན་ཅིག་ལུ་ གྱུར་ཏེ་འདུག།
ནད་ཡམས་གདུག་ཅན་དེ་གིས་ སྐོབས་ཚུད་ཅན་གྱི་རྒྱལ་ཁབ་ འབྲུག་འདི་ཡང་ བཞག་མ་བཏུབ་ལས་ ཟླཝ་༡ གི་ནང་འཁོད་ལུ་ ནད་འབུབ་ཐོབ་མི་༤ ལུ་ ལྷོད་དེ་ཡོདཔ་ཨིན།
གཞུང་གིས་ ཀོ་བིཌ་-༡༩ ནད་འབུབ་ཐོབ་མི་ དང་པ་བདའ་ཟུན་ཞིནམ་ལས་ཚུར་ འབྲུག་མི་ཚུ་ ནད་ཡམས་ལས་ ཉེན་སྲུང་འབད་ཐབས་ལུ་ གདོང་ལེན་གྱི་ ཐབས་ལམ་འདྲ་མིན་སྣ་ཚོགས་བཏོན་ཏེ་ ལག་ལེན་འཐབ་བཞིན་དུ་ ཡོད་མིའི་གྲས་ལས་ ཕྱི་རྒྱལ་ལས་ རྒྱལ་ཁབ་ནང་ ལོག་འོང་མི་ཚུ་ ཨིན་ཅི་མིན་ཅི་ བདུན་ཕྲག་༢ ཀྱི་རིང་ ཟུར་བཞག་ནད་བརྟག་ལྟེ་བ་ཚུ་ནང་ སྡོད་དགོཔ་སྦེ་ བཟོ་མི་དེ་གིས་ ནད་འབུབ་དམ་འཛིན་དང་ ཁྱབ་སྤེལ་བཀག་ནི་ལུ་ ལྷན་ཐབས་སྦོམ་བྱུང་སྟེ་ཡོད།
དེ་གིས་མ་དོ་བར་ སྤྱི་ནོར་དམ་པ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ལས་འགོ་བཟུང་ མི་སེར་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ སྡོད་དགོ་པའི་ བཀའ་སློབ་གནང་མི་དང་ གསོ་བའི་ཁ་ཐུག་ལས་ དུས་རྒྱུན་དུ་ གཙང་སྦྲ་འཕྲོད་བསྟེན་ལུ་ གཙོ་བོར་བསྟེན་དགོ་པའི་ བསླབ་བྱ་དང་ ནད་ཡམས་ཀྱི་ སྔོན་འགོག་ཐབས་ལམ་ཚུ་ ལག་ལེན་འཐབ་དགོ་པའི་ བརྡ་དོན་སྤྲོད་དང་སྤྲོད་བཞིན་དུ་འདུག།
ད་རུང་ རྒྱལ་ཁབ་ནང་ ནད་འབུབ་ཐོབ་མིའི་གྱངས་ཁ་ ཡར་སེང་འགྱོ་མི་ལུ་བརྟེན་ འདས་པའི་བདུན་ཕྲག་ནང་ལས་ གཞུང་གིས་ རྩེད་རིགས་དང་ མི་སྤུངས་འཛོམས་འབད་ནི་ ཆ་རོགས་བསྡོམས་ཏེ་ ཆང་འཐུང་ནི་དང་ ཁྲོམ་བཤལ་ནི་ དེ་ལས་ ལོ་བསྟར་ཚེས་བཅུ་དང་ རིམ་གྲོ་འགོ་འདྲེན་འཐབ་ནི་ སྐྱེས་སྟོན་དང་ གཉེན་གྱི་དགའ་སྟོན་བརྩི་སྲུང་འབད་ནི་ཚུ་ བཀག་དམ་གནང་ཡི།
དེ་བཟུམ་སྦེ་ ཚོང་ཁང་དང་ ཚོད་བསྲེ་ཚོང་ཁྲོམ་ སྣུམ་འཁོར་གྱི་མར་ཁུ་བླུག་ས་ དེ་ལས་ དངུལ་ཁང་དང་ སྨན་ཁང་ཚུ་ནང་འགྱོཝ་ད་ རང་དང་གཞན་གྱི་བར་ན་ ས་སྟོང་འདོམ་གང་ལྷགཔ་ཅིག་ བཞག་དགོཔ་མ་ཚད་ མེ་སྦྱང་འབད་སར་ མི་ག་དེ་ཉུང་ཉུང་ འགྱོ་གནང་ཟེར་ ཞུ་བསྐུལ་འབདཝ་ཨིན་མས།
ད་རུང་ གཞུང་གིས་ འགྲུལ་སྐྱེས་བཱསི་ནང་ འགྲུལ་པ་བརྒྱ་ཆ་༥༠ མར་ཕབ་དང་ གླ་འཁོར་རེ་ནང་ འགྲུལ་པ་༢ ལས་བརྒལ་ འབག་མ་ཆོགཔ་སྦེ་ བཟོ་མི་དེ་ཡང་ COVID-19 འབུ་ནི་ལས་ བཀག་ཐབས་ལུ་ཨིན་མས།
ཨིན་རུང་ གཞུང་གིས་ མི་སྤུངས་འཛོམས་འབད་མ་ཆོགཔ་དང་ རང་དང་གཞན་གྱི་བར་ན་ ས་སྟོང་བཞག་དགོ་པའི་ བཀའ་རྒྱ་བཏོན་ཏེ་ དེ་གི་ནངས་པར་ ཐིམ་ཕུག་མུ་ཏིག་ཐང་ལུ་ མེ་རླུང་རྒྱ་རྫི་སོར་སའི་ མཛོད་ཁང་ནང་ ལས་མགྲོན་པ་ཚུ་གིས་ ས་སྟོང་བཞག་ནི་ཕར་བཞག་ ག་ཐོབ་རྐྱབ་མི་ལུ་ བལྟ་བ་ཅིན་ ང་བཅས་ཀྱི་མི་ཚུ་ ནད་ཡམས་ལུ་ འདྲོག་འཇིགས་དང་ འཚེར་སྣང་མེད་པའི་ བརྡ་མཚོན་སྟོནམ་མས།
ཚོད་བསྲེ་ཁྲོམ་ནང་བལྟ་རུང་ མི་ཚུ་ ག་ཐོབ་སྦེ་ ཉོ་ཚོང་འཐབ་དོ་ཡོདཔ་ལས་ བདག་གཞན་གཉིས་ཆ་ར་ལུ་ ནད་འབུབ་ཐོབ་ཉེན་ཡོད་པའི་ ཚོར་སྣང་ཡང་ མེདཔ་བཟུམ་སྦེ་མཐོངམ་མས།
ཀོ་བིཌ-༡༩ ལུ་ སྨན་དང་སྨན་ཁབ་མེདཔ་ཨིནམ་ ག་ར་ལུ་ ཤེས་རྟོགས་ཡོད་རུང་ ནད་འབུབ་ལས་ སྔོན་འགོག་འབད་ནི་དང་ ཉེན་སྲུང་གི་ ཐབས་ལམ་དྲག་ཤོས་ར་ འཛོམས་རུག་རུ་སྦེ་ སྡོད་ནི་དང་ ཕྱི་ཁར་འགྱོ་ནི་ཚུ་ ག་དེ་དྲག་དྲག་ འཛེམ་ཐོག་ལས་ རང་སོའི་ཁྱིམ་ནང་ར་ སྡོད་ནི་དེ་ཨིནམ་ད་ ད་རེས་ནངས་པར་ འབྲུག་གི་རྒྱང་མཐོང་དང་ བརྡ་བརྒྱུད་ དེ་ལས་ འཛམ་གླིང་གི་ གནས་ཚུལ་ཚུ་ལུ་བལྟ་རུང་ ག་ར་གིས་ ནད་ཡམས་དེ་གི་ སྨན་དྲག་ཤོས་ར་ ཁྱིམ་ནང་སྡོད་ནི་དེ་ཨིནམ་སྦེ་ བསླབ་བྱ་དང་ དྲན་བསྐུལ་བྱིནམ་ཨིན་མས།
འདི་འབདཝ་ལས་ ད་ལྟོ་བཟུམ་མའི་ གནས་སྟངས་ནང་ རང་དང་བཟའ་ཚང་ ལྟ་ལྟོ་ཚང་ ཕམ་རྒན་རྒས་ དེ་ལས་ ཁྱིམ་ཚང་དང་ མི་སྡེ་ཚུ་གི་ ཉེན་སྲུང་ལུ་དམིགས་ཏེ་ རང་སོའི་ཁྱིམ་ནང་ར་སྡོད་དེ་ སྐྱབས་རྗེ་རྗེ་མཁན་མཆོག་གི་བཀའ་རྒྱ་ དུས་རྒྱུན་དུ་ སེམས་ཁར་དྲན་ཐོག་ལས་ གུ་རུ་རིན་པོ་ཆེ་དང་ འཕགས་པ་སྤྱན་རས་གཟིགས་ སྨན་བླ་ལ་སོགས་པ་སྒོམ་ཏེ་ མ་ནི་བགྱང་ནི་དང་ སྨན་བླ་བསག་པ་ཅིན་ ནད་ཡམས་འཇོམས་ནི་ལུ་ ལྷན་ཐབས་འབྱུང་འོང་།

About admin

Check Also

སྤྱི་ཟླ་༦ པའི་ནང་ བདེན་མཆིས་རྫོང་ གསར་བཞེངས་ཀྱི་ལཱ་ ཡོངས་རྫོགས་མཇུག་བསྡུ་ནི།

༉ པདྨ་དགའ་ཚལ་ བདེན་མཆིས་རྫོང་ གསར་བཞེངས་འབད་ནི་ འགོ་བཙུགས་ཏེ་ ལོ་༥ དེ་ཅིག་གི་རྒྱབ་ལས་ ད་རིས་ཀྱི་ཟླཝ་ནང་ བསྒྲུབ་ནི་ཨིན་པས། དེ་ཡང་ དབུ་རྩེ་མ་གཏོགས་ བཟོ་བཀོད་གཞན་ཚུ་ལུ་ ཚོན་བཏང་ཚར་ཡོདཔ་མ་ཚད་ རྫོང་ནང་ན་ཡིག་ཚང་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ …

Leave a Reply

Your email address will not be published. Required fields are marked *