ཉེན་འཚུབས་ཅན་གྱི་ གནས་སྟངས་ནང་ལྷོད་པ་ཅིན་ དམིགས་འཆར་༣ ལུ་ གཙོ་བོར་བཏོན་ནི།

༉ ཀོ་རོ་ན་བའེ་རཱསི་ནད་ཡམས་ལུ་བརྟེན་ ཉེན་འཚུབས་ཅན་གྱི་ གནས་སྟངས་ནང་ལྷོདཔ་ད་ གདོང་ལེན་འབད་ནིའི་དོན་ལུ་ གསོ་བའི་ལྷན་ཁག་གིས་ སྔོན་འགོག་གི་དམིགས་འཆར་༣ ལུ་ གཙོ་བོར་བཏོན་ནི་སྦེ་ འཆར་གཞི་བཟོ་ནུག།
དེ་ཡང་ གསོ་བའི་ལྷན་ཁག་ནང་ མི་སྟོབས་སྒྲིང་སྒྲི་སྦེ་བཞག་ནི་དང་ རྒན་རྒས་ཚུ་བདག་འཛིན་འཐབ་ནི་ དེ་ལས་ ཟུར་བཞག་ཁང་ཚུ་ནང་སྡོད་མི་ཚུ་ལུ་ གསོ་བའི་བསླབ་བྱ་བྱིན་ནི་ཚུ་ཨིན་པས།
སྤྱི་ཟླ་༤ པའི་ཚེས་༣ ལུ་ དུས་མཐུན་ཞལ་འཛོམས་འཚོགས་པའི་སྐབས་ གསོ་བའི་བློན་པ་ བདེ་ཆེན་དབང་མོ་ གིས་ སླབ་མིའི་ནང་ གལ་སྲིད་ ནད་ཡམས་དེ་ ཟུར་བཞག་ཁང་ཚུ་ནང་ སྡོད་མི་ལས་མེན་པར་ མི་སྡེ་ནང་ལས་འཐོན་པ་ཅིན་ རྒྱལ་ཁབ་ཀྱི་གནས་སྟངས་དེ་ ཉེན་ཁ་ཅན་གྱི་ ས་ཁོངས་ནང་འཛུལཝ་ཨིན་ཟེར་ཨིན་པས།
དེ་བསྒང་ རྒྱལ་ཁབ་འདི་ ཚོད་གཞི་དམརཔོ་ནང་ལྷོད་ནི་ཨིནམ་ལས་ མི་དབང་མཆོག་གི་ ཐུགས་ཀྱི་དགོངས་བཞེད་དང་འཁྲིལ་ མི་ཕུད་རྡོག་༡ གི་ཚེ་སྲོག་ལུ་ཡང་ ཤི་རྐྱེན་མེད་པར་བཞག་ནི་ལུ་ གཙོ་རིམ་བཟུང་ནི་དང་ སྤུས་ཚད་དང་ལྡན་པའི་ སྨན་བཅོས་འབད་ནི་ཨིན་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
ཉེན་འཚུབས་ཅན་གྱི་ གནས་ཚད་དེ་ཡང་ དཔེ་འབད་བ་ཅིན་ རྒྱ་གར་ལུ་ ག་ཏེ་ཡང་ འགྲོ་འགྲུལ་འབད་མ་ཆོག་པར་ ཁྱིམ་ནང་སྡོད་དགོཔ་ཐོན་དོ་བཟུམ་སྦེ་ འབྲུག་ལུ་ཡང་ རྫོང་ཁག་དང་ རྫོང་ཁག་གི་བར་ན་འགྱོ་མ་ཆོགཔ་ ཁྱིམ་ནང་ལས་འཐོན་ནི་མེདཔ་ དེ་ལས་ ཁྲོམ་ནང་འགྱོ་ནི་མེད་པའི་ བཀག་དམ་འབད་དགོཔ་འབྱུང་འོང་ཟེར་ཨིན་པས།
དེ་བསྒང་ ལྷན་ཁག་གིས་ མི་༡ གི་ཚོ་སྲོག་ལུ་ཡང་ ཤི་རྐྱེན་འབྱུང་མ་བཅུག་པར་ བཞག་ནི་ཨིནམ་ལས་ དང་པ་ར་ མི་རྒན་ཤོས་ཚུ་ བདག་འཛིན་འཐབ་ནི་དང་ གཉིས་པ་ སྔོན་མ་ལས་ ཁྲག་ཤུགས་ཡོད་མི་དང་ ནད་གཞི་ཀེན་སར་ཡོད་མི་ གུ་རམ་གྱི་ནད་གཞི་ མཁལ་རྡོག་ནད་གཞི་ དེ་ལས་ གཞན་འབུ་ནད་ཡོད་མི་ཚུ་ བདག་འཛིན་འབད་ནི་དེ་ ཨིན་ཟེར་ཨིན་པས།
རྒྱལ་ཁབ་ཀྱི་གནས་སྟངས་དེ་ སྐྱོ་སུ་སྦེ་འགྱོ་བ་ཅིན་ གཙོ་བོ་ར་ ལྷན་ཁག་ནང་ མི་སྟོབས་གྲ་སྒྲིག་འབད་དགོཔ་གལ་ཆེ་ཟེར་ བློན་པོ་གིས་ སླབ་ཡོདཔ་མ་ཚད་ གྲ་སྒྲིག་མེད་པའི་བར་ན་ རྒྱལ་ཁབ་འཚུབས་དྲགས་ནང་ལྷོད་སོ་པ་ཅིན་ ཕྱིའི་རྒྱལ་ཁབ་ཚུ་ལས་ མི་སྟོབས་ཀྱི་གྲོགས་རམ་འཐོབ་ནི་དེ་ དུས་ཚོད་འ་ནེམ་ཅིག་ཁར་ ལཱ་ཁག་ཨིན་ཟེར་ཨིན་པས།
དེ་འབད་ནི་འདི་གིས་ དམིགས་ཡུལ་༢ པ་ གསོ་བའི་ལྷན་ཁག་ནང་ མི་སྟོབས་ལངམ་སྦེ་ བཞག་དགོཔ་གལ་ཆེཝ་ལས་ སྨན་བཅོས་མཁས་མཆོག་ཌོག་ཊར་དང་ གསོ་བའི་ལས་བྱེདཔ་བསྡོམས་༣༠༠༠ ལྷགཔ་ཅིག་ལུ་ འགན་ཁུར་སྦོམ་ཕོག་ཡོདཔ་ལས་ ད་རེས་ནངས་པར་ ཕྱིའི་རྒྱལ་ཁབ་ཚུ་ནང་ སྦྱོང་བརྡར་འབད་མི་ཚུ་ ལོག་རྒྱལ་ཁབ་ནང་ འབོ་སྟེ་ཡོད་ཟེར་ཨིན་པས།
དེ་ཡང་ ཧེ་མ་ལས་ ཌོག་ཊར་གྱི་སྦྱོང་བརྡར་འབད་མི་༤༡ མཁས་མཆོག་གི་སྦྱོང་བརྡར་འབད་བར་ ཕྱིའི་རྒྱལ་ཁབ་ཚུ་ནང་ཡོད་མི་དང་ ཌོག་ཊར་གྱི་སྦྱོང་བརྡར་འབད་བར་འགྱོ་མི་༩༢ ལོག་རྒྱལ་ཁབ་ནང་ ལྷོད་དེ་ཡོད་ཟེར་ ཨིན་པས།
དེ་བཟུམ་སྦེ་ ལོ་གྲངས་ཚང་སྟེ་ དགོངསམ་ཞུ་འགྱོ་མི་ ཌོག་ཊར་སྡེ་ཚན་ཅིག་དང་ སྦྱོར་བརྡར་འབད་མི་དང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཆོས་རྒྱུགས་རྐྱབ་ནི་ལུ་ སྒུག་སྡོད་མི་སློབ་ཕྲུག་སྡེ་ཚན་ཅིག་ དེ་ལས་ དམག་སྡེ་དང་ སོ་ནམ་ལས་ཁུངས་གི་ཌོག་ཊར་དང་ གསོ་བའི་ལས་བྱེདཔ་ཚུ་ ཐོ་བཀོད་འབད་དེ་ཡོད་ཟེར་ བློན་པོ་གིས་ སླབ་ཨིན་པས།
རྒྱལ་ཁབ་ནང་ཡོད་མི་ མི་སྟོབས་ཚུ་ མཐིལ་ཕྱིན་སྤྱོད་ཐབས་ལུ་ དུས་ཚོད་ནམ་ལུ་ ག་འོང་ནི་ཨིན་ན་དང་ ལཱ་ག་ཅི་འབད་ནི་ཨིན་ནའི་ གྲ་སྒྲིག་བཟོ་ཡོདཔ་ཨིན་པས།
ནད་ཡམས་དེ་ལུ་ ཤུགས་བཏོན་སྡོད་པའི་སྐབས་ ཨ་རྟག་བྱིན་མི་ གསོ་བའི་ཞབས་ཏོག་ དཔེ་འབད་བ་ཅིན་ ཨ་ལོ་ཁབ་བཙུགས་ནི་དང་ ཨ་ལོ་སྐྱེ་བར་འོང་མི་ ཀེན་སར་གྱི་ནདཔ་སྨན་བཅོས་འབད་མི་ཚུ་ལུ་ ཐོ་མི་ཕོག་ནིའི་ དོན་ལས་ དགོངས་ཞུ་འགྱོ་མི་ཌོག་ཊར་ཚུ་གིས་ ཞབས་ཏོག་ཞུ་ནི་དང་ དེ་ནང་ཞབས་ཏོག་ཞུ་མི་ གསོ་བའི་ལས་བྱེདཔ་གཞོནམ་ཚུ་ ཀོ་རོ་ན་བའེ་རཱསི་གི་དོན་ལུ་ ཞབས་ཏོག་ཞུ་བཅུག་ནིའི་འཆར་གཞི་དང་ ལས་རིམ་ཚུ་ བརྩམས་ཏེ་ཡོད་ཟེར་ཨིན་པས།
རྒན་རྒས་ཚུ་ བདག་འཛིན་འཐབ་ནིའི་དོན་ལུ་ ཐོ་བཀོད་འབད་ནི་ འགོ་བཙུགས་ཏེ་ཡོད་ཟེར་ཨིནམ་ད་ མི་སྡེའི་ཚོགས་པ་དང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐྱིད་སྡུག་ཡིག་ཚང་དང་མཉམ་འབྲེལ་ཐོག་ལས་ ལྷན་ཁག་གིས་ ལཱ་འབད་དོ་ཟེར་ཨིནམ་དེ་ དེ་ཡང་ རྫོང་ཁག་༢༠ ནང་ རྒན་རྒས་འབུམ་ཕྱེད་དེ་ཅིག་ཡོད་མི་ཚུ་གི་ ཁ་གསལ་ལེན་ཞིནམ་ལས་ གསོ་བའི་ཞབས་ཏོག་ཚུ་ ཕུལ་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
དམིགས་ཡུལ་༣ པ་དེ་ ད་ལྟོ་ ཟུར་བཞག་ཁང་ཚུ་ནང་སྡད་མི་ བརྒྱ་ཆ་༧༥ སློབ་ཕྲུག་ཨིནམ་ལས་ སེམས་ ཁམས་ཀྱི་ ནད་གཞི་འཐོབ་ནིའི་ཉེན་ཁ་ཡོད་ནི་དེ་གིས་ སེམས་ཁམས་སྒྲིང་སྒྲི་བཞག་ཐབས་ལུ་ དགོངས་ཞུ་འབད་མི་ ཌོག་ཊར་ཚུ་གིས་ གསོ་བའི་བསླབ་བྱ་བྱིན་ནི་དང་ གཞན་དགོས་མཁོ་དང་བསྟུན་པའི་ ལས་རིམ་ཚུ་ འགོ་འདྲེན་འཐབ་ཚུགས་ནི་དང་ ཞབས་ཏོག་གཞན་ཡང་ བྱིན་ནི་ཨིན་པས།
བློན་པོ་བདེ་ཆེན་དབང་མོ་གིས་ ལྷན་ཁག་གིས་ བདེ་སྲུངཔ་ཚུ་ལུ་ སྦྱོང་བརྡར་ཚུ་བྱིན་ཡི་ཟེར་ཨིནམ་ད་ ད་ལྟོ་ ཟུར་བཞག་ཁང་ཚུ་ནང་ཡོད་མི་ གསོ་བའི་ལས་བྱེདཔ་ཚུ་ ཚུར་བཏོན་ཞིནམ་ལས་ ཚབ་སྦེ་ བདེ་སྲུངཔ་ཚུ་ བཙུགས་ནིའི་འཆར་གཞི་ཨིན་པས།
གལ་སྲིད་ ག་དེམ་ཅིག་སྦེ་ ནད་ཡམས་ལུ་བརྟེན་པའི་ གནས་སྟངས་ཚབས་ཆེན་ཅིག་ལུ་ ལྷོད་པ་ཅིན་ གསོ་བའི་ལྷན་ཁག་གིས་ སྔོན་འགོག་གི་ལཱ་དང་ འཆར་གཞི་ཚུ་བརྩམས་ཏེ་ གྲ་སྒྲིག་ཡོད་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *