ཉམས་གསོ་ཞུ་རན་མི་ ཡ་ལྡི་གསང་སྔགས་ཆོས་གླིང་ལྷ་ཁང་།

ཉམས་གསོ་ཞུ་རན་མི་ ཡ་ལྡི་གསང་སྔགས་ཆོས་གླིང་ལྷ་ཁང་གི་རྒྱབ་ཁུངས།

༉ བྱིན་རླབས་ཅན་གྱི་ ཡ་ལྡི་གསང་སྔགས་ཆོས་གླིང་ལྷ་ཁང་དེ་ རྙིངམ་ཐལ་སོ་ནི་དེ་གིས་ ཉེན་ཁ་ཅན་གྱི་ གནས་སྟངས་ཐོག་ལུ་ ལྷོད་དེ་འདུག།
ས་གནས་ཀྱི་ མི་སེར་ཚུ་གིས་ རྒེད་འོག་ལྟེ་བ་ལུ་ ལྷ་ཁང་ཉམས་ཆག་ཤོར་ཡོད་པའི་ སྙན་ཞུ་འབད་བའི་ཤུལ་ལུ་ དུས་ཅི་ལས་ ཉམས་གསོ་ཞུ་ནིའི་དོན་ལུ་ རྒེད་འོག་གིས་ མ་དངུལ་གྱི་ རྒྱབ་སྐྱོར་བྱིན་ནུག།
དུས་ཅི་ དཀོན་གཉེར་གསར་བསྐོ་འབད་མི་ ཡེ་ཤེས་དངོས་གྲུབ་ཀྱིས་ སླབ་མིའི་ནང་ བྱིན་ཅན་གྱི་ལྷ་ཁང་ནང་ ཉིན་ནུབ་མེད་པར་ བདག་འཛིན་འཐབ་ནི་དེ་ གདོང་ལེན་ཅན་ཅིག་འདུག་ཟེར་ཨིནམ་ད་ དེ་ཡང་ ཨར་རྐུན་འབད་ནི་ལས་བསྲུང་ནི་དང་ རྐྱེན་ངན་གཞན་ཚུ་གི་ གདོང་ལེན་བྱུངམ་མས་ཟེར་ཨིན་པས།
ཡེ་ཤེས་དངོས་གྲུབ་ཀྱིས་འབད་བ་ཅིན་ གདོང་ལེན་ཚུ་གི་གྲས་ལས་ ལྷ་ཁང་ནང་ ནུབ་མོ་ཞག་ཉལ་ནི་དེ་ཨིན་ཟེར་ཨིནམ་ད་ དེ་ཡང་ ལྷ་ཁང་དེ་ རྙིངམ་ཐལ་མི་ལུ་བརྟེན་ཨིན་པས།
དཔལ་བཤུབ་སྤྱི་འོག་གི་ཚོགས་པ་ བསོད་ནམས་ཀྱིས་ སླབ་མིའི་ནང་ གལ་སྲིད་ གཡུས་ཚན་ནང་ ལྷ་ཁང་ མེད་པ་ཅིན་ ཕྱག་འཚལ་སའི་རྟེན་དང་ གཡུས་མི་ཚུ་གི་དོན་ལུ་ ལྷ་ཁང་ཅིག་ཡང་མེདཔ་སྦེ་ སྡོད་དགོཔ་འབྱུང་ནི་ཨིན་པའི་ཁར་ གསོན་གཤིན་གྱི་དོན་ལུ་ ཆོསཔ་མེད་པའི་ གདོང་ལེན་ཚུ་ འབྱུང་ཡོདཔ་འོང་ཟེར་ཨིན་པས།
སྔ་ཚང་རྒེད་འོག་གི་རྒཔོ་ རྡོ་རྗེ་ལས་སྐྱིད་ཀྱིས་ སླབ་མི་དང་འཁྲིལ་བ་ཅིན་ གསང་སྔགས་ཆོས་གླིང་ལྷ་ཁང་གི་སྐོར་ལས་ ཤེས་མི་ག་ཡང་མེད་རུང་ ཧེ་མའི་ ངག་རྒྱུན་དང་འཁྲིལ་ མི་སེར་ཚུ་གིས་ རྩ་ཅན་ཨིནམ་ ཧ་གོ་ཚུགས་པས་ཟེར་ ཨིན་པས།
དེ་འབད་ནི་འདི་གིས་ ལྷ་ཁང་ཉམས་གསོ་ཞུ་ནིའི་དོན་ལུ་ སྤྱི་ལོ་༢༠༡༧ དང་༢༠༡༨ ཀྱི་ ལོ་བསྟར་འཆར་དངུལ་དང་ རྒེད་འོག་གནང་བྱིན་ལས་ མ་དངུལ་དུམ་གྲ་རེ་ གནང་ཡོདཔ་ཨིན་པས།
ལྷ་ཁང་དེ་ ཡུན་བརྟན་གནས་ཐབས་ལུ་ གཡུས་ཚན་གྱི་ ཕ་ཇོ་རིམ་བྱོན་ཚུ་གིས་ དཀོན་གཉེར་སྦེ་ བདག་འཛིན་འཐབ་དོ་ཡོདཔ་བཞིན་དུ་ འགོ་ཐོག་ར་ ཕ་ཇོ་ཀོང་ཏ་རེ་དང་ དེའི་བུ་ཀུན་བཟང་ དེ་ལས་ ཁོ་གི་ ཨའི་གཅིག་པའི་སྤུན་ཆ་ སངས་རྒྱས་ཀྱིས་ བདག་འཛིན་འཐབ་ནུག།
དེ་བསྒང་ ཡ་ལྡི་དགོན་པ་ལུ་ ཚོགས་སློབ་ཟེརཝ་མེདཔ་ལས་ ཡ་ལྡི་གཡུས་སྟོད་ བྱ་རྒོད་དགོན་པ་ལུ་ གཞོང་སྒརཔ་ཀུན་བཟང་དབང་འདུས་ཀྱིས་ ལྕགས་སི་མཁར་སྒོམ་ཁང་ལས་ཨིན་མི་ སློབ་དཔོན་དགའ་རྒྱལ་དེ་ གཙོ་འཛིན་སྦེ་ བསྐོ་བཞག་གནང་སྟེ་ གཤིན་གསོན་གྱི་ འགྲོ་དོན་ཚུ་ མཛད་དེ་བཞུགས་ནུག།
སྤྱི་ལོ་༡༩༤༡ ལས་༡༩༧༧ ཚུན་ ལོ་ངོ་༣༦ གི་རིང་ སློབ་དཔོན་ཚུལ་ཁྲིམས་ཀྱིས་ གཙོ་འཛིན་གྱི་ ཕྱག་འགན་འབག་སྟེ་ གནས་ཡུན་རིངམོ་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།

ནང་རྟེན་བྱིན་ཅན་ ཕྱག་སྟོང་སྤྱན་སྟོང་།

ཨིན་རུང་ ལྷ་ཁང་དེ་ ཆུང་ཀུ་ཅིག་ལས་མེདཔ་ལས་ སྤྱི་ལོ་༡༩༦༧ ལུ་ གཙོ་འཛིན་གྱིས་འགོ་འདྲེན་ཐོག་ ཡ་ལྡི་ དཔལ་ཤུབ་ཕུག་ལས་ བཟོ་བོ་སྐལ་བཟང་དང་ ཕ་ཇོ་ཀུན་བཟང་གཉིས་ཀྱིས་ རྒྱ་སྐྱེད་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ལྷ་ཁང་གི་ལྡེབས་རིས་ཚུ་ ཕ་ཇོ་ཀོང་ཏ་རེ་གི་བུ་ སངས་རྒྱས་ཀྱིས་ བཞེངས་ཡོདཔ་སྦེ་ ཨིན་པས།
སྤྱི་ལོ་༡༩༦༨ ལུ་ གཙོ་འཛིན་བླམ་ ཚུལ་ཁྲིམས་ཀྱིས་ ཁོ་རའི་སློབ་ཕྲུག་ ནོར་བུ་དེ་ དགྲ་མེད་རྩེ་དགོན་པ་ལུ་ འཆམ་དཔོན་སྤྲུལ་སྐུ་ལས་ སྐུ་འཆམ་རྣམ་པ་སྣ་ཚོགས་ཚུ་ ལྷབ་སྦྱང་འབད་བར་བཏང་ནུག།
དེ་བསྒང་ དགྲ་མེད་རྩེ་ལུ་ འཆམ་དཔོན་གསང་སྔགས་རྡོ་རྗེ་ལས་ སྐུ་འཆམ་ཡོངས་རྫོགསཔ་སྦེ་ ལྷབ་ཞིནམ་ལས་ ལོག་དགོན་པ་ལུ་ལྷོད་པའི་ཤུལ་ལུ་ པད་གླིང་གཏེར་འཆམ་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ ཞལ་འབགཔ་དང་ འཆམ་ཆས་ཚུ་ བླམ་གིས་ རྒྱབ་སྐྱོར་འབད་ཡོད་པའི་ཁར་ དེ་གི་ལྷན་ཐབས་སྦེ་ དྲང་དཔོན་བགྲེསཔ་ ཚེ་དབང་རྡོ་རྗེ་གིས་ མ་དངུལ་གྱི་རྒྱབ་སྐྱོར་གནང་སྟེ་ མཁོ་སྒྲུབ་འབད་མི་ཚུ་ ལོ་བསྟར་ཚེས་བཅུའི་སྐབས་ མཇལ་ཚུགསཔ་ ཨིན་པས།
བླམ་ཚུལ་ཁྲིམས་ཀྱིས་ ལོ་ངོ་མང་རབས་ཅིག་ ལྷ་ཁང་ནང་ ཕྱག་ཞུ་བའི་ཤུལ་ལས་ སྤྱི་ལོ་༡༩༧༧ ལུ་ གཤགས་ཡོདཔ་ད་ དེ་ལས་ བླམ་གི་སློབ་ཕྲུག་ ནོར་བུ་དེ་ བསྐོ་བཞག་འབད་དེ་ ལོ་༣༥ གི་ཤུལ་ལས་ སྤྱི་ལོ་༢༠༡༢ ལུ་ དགོངས་ཞུ་འབད་ནུག།
གསང་སྔགས་ཆོས་གླིང་དགོན་པ་དེ་ གནས་ཆེན་ཨ་བརྒྱ་ལུང་དང་ ཤེལ་རི་ཆུ་ ཤེལ་མུ་ཧཱུཾ་ གསེར་གཞོང་ དེ་ལས་ དགྲ་མེད་རྩེ་གཡུས་ཚན་ཚུ་གི་ གདོང་ཕྱོགས་ལུ་ སའི་དབྱིབས་ བྱ་རྒོད་ས་ཁར་ ཆགས་ཆགསཔ་དང་འདྲ་བའི་གུ་ ཡ་ལྡི་གཡུས་ཚན་ཟིལ་གྱིས་གནོན་པའི་ཚུལ་དུ་ ཆགས་ཏེ་འདུག།
ད་རེས་ནངས་པར་ ལྷ་ཁང་དེ་ནང་ ནང་རྟེན་འགངས་ཅན་ ལྷ་ཁང་ཆགས་དུས་ལས་ཡོད་པའི་ ཡོངས་གྲགས་ལུ་ མེ་མེ་བླ་མ་ཟེར་ཞུ་མི་ སྟོན་པ་རྡོར་གདན་མའི་སྐུ་འདྲ་དང་ ཕྱག་སྟོང་སྤྱན་སྟོང་གི་སྐུ་འདྲ་ དེ་ལས་ གུ་རུ་དང་ ཞབས་དྲུང་རིན་པོ་ཆེའི་སྐུ་འདྲ་ཚུ་ མཇལ་ཚུགསཔ་ཨིན་པས།
དགོན་པ་དེ་གི་མཐའ་བསྐོར་ཏེ་ ཡ་མཚན་ཅན་གྱི་ གནས་རྩ་ཅན་མང་ཤོས་ཅིག་མཇལ་ནི་ཡོད་མི་ཚུའི་གྲས་ལས་ དགོན་པ་དེ་ཁ་ལས་ཡར་ བྱ་རྒོད་དགོན་པ་འགྱོ་བའི་ལམ་ཁར་ མཁའ་འགྲོ་མའི་ཞབས་རྗེས་དང་ མཁའ་འགྲོ་མའི་ རིགས་ལྔ་ མཁའ་འགྲོའི་གསང་བའི་བྷ་ག་ སྒྲུབ་ཕྲུག་ དེ་ལས་ ཡོངས་གྲགས་ལུ་ ཟོར་ག་ཕའི་ཟེར་ སླབ་སར་ རྡོ་གུ་ལུ་ཡི་གུ་ཉ་རང་བྱོན་དང་ ནོར་གཡང་སྟེར་བའི་བ་མེན་ གླངམོ་ཆེ་ འབྲུག་ཁ་ལྟབ་ཚུ་ མཇལ་ཚུགས་པས།
ལོ་བསྟར་བཞིན་དུ་ རང་ཟླ་༥ པའི་ཚེས་༡༠ ལས་འགོ་བཙུགས་ ཉིན་གྲངས་༣ གྱི་རིང་ གུ་རུ་རིན་པོ་ཆེའི་ འཁྲུངས་སྐར་དུས་ཆེན་དང་འབྲེལ་ པད་གླིང་གིང་གསུམ་གྱི་སྐུ་འཆམ་དང་ ཕོ་མོ་ ཞྭ་ནག་ ཚོགས་གླིང་ དགྲ་མེད་རྩེ་རྔ་འཆམ་ དེ་ལས་ གུ་རུ་མཚན་བརྒྱད་དང་ མཐོང་གྲོལ་ཚུ་ མཇལ་ཁ་གནང་ནི་ཡོདཔ་ཨིན་པས།
ལྷག་པར་དུ་ རང་ཟླ་༡༠ པའི་ནང་ ལོ་བསྟར་གྱི་ཚེས་བཅུ་ ཉིན་གྲངས་༣ འགོ་འདྲེན་འཐབ་ཡོད་པའི་ཁར་ ཟླ་རིམ་བཞིན་དུ་ ཡར་ངོ་དང་ མར་ངོ་གིས་ ཚེས་བཅུ་ཚུ་ མི་སེར་ཚུ་གིས་ འགོ་འདྲེན་འཐབ་དོ་ཡོདཔ་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

གནས་ཚུལ་མདོར་བསྡུས།

བཀྲིས་སྒང་གི་ ལོ་བསྟར་ཚེས་བཅུ་དེ་ ད་རིས་ལས་ འགོ་བཙུགསཔ་བཞིན་དུ་ ཁ་ཙ་ལས་ བཀྲིས་སྒང་ཁྲོམ་ཁར་ སྡོད་མི་ཚུ་གིས་ རྫོང་གི་ཕྱི་ཁར་ ཚོང་བཙུགས་ནིའི་དོན་ལས་ གྲ་སྒྲིག་འབད་ཡོདཔ་ད་ མི་ལོ་༣༥༩ ལང་མི་ བཀྲིས་སྒང་རྫོང་དེ་ ཉམས་གསོ་ཞུ་ནི་འགོ་བཙུགས་ཞིནམ་ལས་ཚུར་ ལོ་བསྟར་ཚེས་བཅུ་དེ་ …

Leave a Reply

Your email address will not be published. Required fields are marked *