ཇ་པཱན་ལུ་ ཤེས་ཡོན་སྦྱངམ་དང་འབྲེལ་ སྐྱིན་ཚབ་བཏབ་མི་ འབྲུག་པའི་ན་གཞོན་ཚུ་ལུ་ གདོང་ལེན།

༉ ཇ་པཱན་ལུ་ ཤེས་ཡོན་སྦྱངམ་དང་འབྲེལ་ སྐྱིན་ཚབ་བཏབ་མི་ འབྲུག་པའི་ན་གཞོན་ཚུ་གི་གྲས་ལས་ གཅིག་གིས་ སྤྱི་ཟླ་༡༢ པའི་ཚེས་༥ ལུ་ རང་སྲོག་བཅད་མི་དེ་ ཚ་གྱང་ལང་བའི་ གཞི་གནད་ཅིག་ཨིན་མས།
གནད་དོན་དེ་ ལས་གཡོག་ལྷན་ཁག་དང་ ཕྱི་རྒྱལ་ལུ་བཏང་མི་ ལས་སྡེ་གཉིས་ཀྱིས་ བརྟག་ཞིབ་འབད་དགོ་པའི་ཁར་ འབྲུག་པའི་ན་གཞོན་དང་ ལཱ་གཡོག་འཚོལ་བའི་བསྒང་ཡོད་མི་ ན་གཞོན་ཚུ་གི་ ཕམ་ཚུ་ལུ་ དྲན་བཏོན་ཅིག་ཨིན་མས།
ལས་རིམ་དེ་གིས་ ན་གཞོན་ཚུ་ལུ་ རྒྱལ་ཁབ་ནང་ ལཱ་གཡོག་གི་གནས་སྟངས་ ལེགས་ཤོམ་མེདཔ་ལས་བརྟེན་ མི་ཚེ་སྐྱོང་ནིའི་དོན་ལུ་ ལཱ་འབད་ནི་དང་ དཔེ་ཆ་འཕྲོ་མཐུད་ལྷབ་ནིའི་ གོ་སྐབས་གཉིས་ཆ་ར་ ལས་རིམ་དེ་གི་ཐོག་ལས་ བྱིན་དེ་གིས་ གདམ་ཁ་དྲག་ཤོས་ཅིག་སྦེ་ རྐྱབ་སྟེ་འདུག།
ཨིན་རུང་ འབྲུག་པའི་ན་གཞོན་ཚུ་ལུ་ གོང་འཕེལ་སྦོམ་སོང་ཡོད་མི་ ཇ་པཱན་བཟུམ་མའི་རྒྱལ་ཁབ་ནང་ ལཱ་འབད་ནིའི་གནས་སྟངས་ངོ་མ་ ག་བཟུམ་ཡོདཔ་ཨིན་ན་ ངོ་མ་སྦེ་ ཉམས་མྱོང་མ་འཐོབ་ནི་དེ་གིས་ ད་རེས་ དེ་བཟུམ་མའི་གནས་སྟངས་ཚུ་ ཐོནམ་མེན་ན?
ན་གཞོན་ཚུ་ ཕྱི་རྒྱལ་ལུ་མ་འགྱོ་བའི་ཧེ་མར་ གདོང་ལེན་ཚུའི་སྐོར་ལས་ དྲན་གསོ་འབད་རུང་ མི་ཅིག་གིས་ གཞན་གྱི་རྒྱལ་ཁབ་ནང་སོང་སྟེ་ འགན་ཁུར་༣ རེ་འབག་སྟེ་ ལཱ་འབད་ནི་དེ་ ངེས་པར་དུ་ གདོང་ལེན་འབྱུང་སྲིད་ནི་ཨིན་མས།
རང་སྲོག་བཅད་པའི་སྐོར་ལས་ ཁ་གསལ་མ་ཤེས་རུང་ ལོ་རྒྱུས་གོ་མི་དང་འཁྲིལཝ་ད་ ཚེ་འདས་དེ་ སྤྱི་ཟླ་༡༢ པའི་ཚེས་༤ ལས་ བྱང་སྟོར་ཤོར་ཡོད་པའི་ ལོ་རྒྱུས་འདུག།
ཁོ་གིས་ག་ཅི་སྦེ་ རང་སྲོག་བཅད་ཡོདཔ་ཨིན་ན་ ཞིབ་དཔྱད་འབད་མི་ཚུ་གིས་རྐྱངམ་གཅིག་ ཤེས་ཚུགས་ནི་ཨིན་མས།
སྤྱི་ཟླ་༨ པའི་ཚེས་༢༢ ལུ་ཡང་ ལས་རིམ་དེ་གི་ཐོག་ལས་སོང་མི་ སྐྱེས་ལོ་༢༦ ལང་མི་ འབྲུག་པའི་སློབ་ཕྲུག་བུམོ་ཅིག་ཡང་ ཚཝ་མགུ་ནད་བད་ཀན་གྱི་ ནད་གཞི་ཐོབ་པའི་ཤུལ་ལས་ ཚེ་འདས་སྡོད་སའི་ཁྲོམ་སྡེ་ནང་ཡོད་མི་ ཕུ་ཀུའུ་ཀ་ཁྲོམ་སྡེའི་ སྨན་ཁང་ནང་ བསྐྱལ་དགོཔ་ཐོན་ནུག།
རང་སྲོག་བཅད་པའི་སྐོར་ལས་ ག་ནི་ཡང་ སླབ་མི་ཤེས་ནི་ཨིན་རུང་ དཀའ་ངལ་དེ་ཚུ་ གཙོ་བོ་ར་ ཇ་པཱན་ལུ་ ལཱ་འབད་བའི་སྐབས་ དུས་ཚོད་ཡུན་རིངམོ་སྦེ་ ལོང་སྟེ་ལཱ་འབད་དགོ་མི་དང་ དུས་མཐུན་དཔེ་ཆ་ལྷབ་སྟེ་ འབྲུག་ལས་འགྱོ་བའི་སྐབས་ སྐྱིན་འགྲུལ་ལེན་མི་ཚུ་ ལོག་བཏབ་ཚུགས་ནི་ལུ་ གདོང་ལེན་སྦོམ་བྱུང་མི་ལུ་བརྟེན་ཨིན་པའི་ དོགས་པ་སྦོམ་ཆགས་ནུག།
གནས་སྟངས་དེ་ཚུ་ལུ་ དོགས་པ་བསག་དགོ་མི་དེ་ཡང་ ཇ་པཱན་ལུ་སོང་མི་ ན་གཞོན་ཚུ་གིས་ བསམ་འཆར་བཀོད་མི་ཚུ་ལས་ ཤེས་ཚུགསཔ་ཨིན་མས།
དེ་མིན་ ལང་ཚོ་དར་བའི་ ན་གཞོན་ཚུའི་གྲས་ལས་ ལ་ལོ་ཅིག་གིས་ ལཱ་ཚུ་རྩ་འགེངས་འབད་དེ་ དཔེ་ཆ་ལྷབ་ཚུགས་པའི་ཁར་ སྐྱིན་འགྲུལ་ལོག་ལྟབ་ཚུགས་མི་ རེ་གཉིས་ཡོདཔ་ལས་ དེ་ཚུ་ག་ར་ གནས་སྟངས་རྩུབ་དྲག་ནང་ ལཱ་འབད་དགོ་རུང་ ན་གཞོན་རང་སོའི་ལྕོགས་གྲུབ་ལུ་ རག་ལསཔ་ཨིན་མས།
ཚེ་འདས་ཀྱི་ཕམ་ལུ་ གནས་ཚུལ་དེ་ སེམས་ཕམ་སི་སི་ཅིག་ཨིན་རུང་ ན་གཞོན་གཞན་ཚུ་ལུ་ཡང་ དེ་བཟུམ་མའི་དཀའ་ངལ་ འབྱུང་མི་བཅུག་ནིའི་དོན་ལུ་ ལས་གཡོག་ལྷན་ཁག་དང་མཉམ་འབྲེལ་འབད་མི་ སྒེར་གྱི་ལས་སྡེ་གཉིས་ཀྱིས་ ཐབས་ཤེས་དང་ལམ་སྟོན་ཚུ་ ཐད་ཀར་དུ་ འབད་དགོཔ་འདུག།

About admin

Check Also

ནད་གཞི་ཀེན་སར་འཛིན་སྐྱོང་གི་ ཐབས་ལམ་གཅིག་མཚུངས་ བཟོ་དགོ་པའི་ཞུ་བསྐུལ།

༉ འབྲུག་རྒྱལ་ཁབ་ནང་ ནད་གཞི་ཀེན་སར་ཚུ་གི་གྲས་ལས་ ཕོཝ་གི་ཀེན་སར་དེ་ ཁྱབ་ཆེ་དྲགས་ཡོད་པའི་ ངོས་འཛིན་བྱུང་ཡི་ཟེར་ ཀེན་སར་ཚོགས་སྡེ་གིས་ བཀོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་༡༢ པའི་ཚེས་༡༤ ལུ་ ཤར་ལྷོ་ཨེ་ཤི་ཡ་ སཱག་ལུང་ཕྱོགས་ཀྱི་ རྒྱལ་སྤྱི་ཀེན་སེར་ཞལ་འཛོམས་ …

Leave a Reply

Your email address will not be published. Required fields are marked *