ཇ་པཱན་ལུ་ ཤེས་ཡོན་གྱི་རྩོད་དོན་ སྒྲུབ་བྱེད་སྙན་གསན་ནང་ལྷོད་ཡོདཔ།

༉ ཇ་པཱན་ལུ་ འོང་འབབ་བཟོ་ནི་དང་ ཤེས་ཡོན་སྦྱང་ནིའི་དོན་ལུ་ འབྲུག་གི་ན་གཞོན་ཚུ་ ལཱ་འབད་བར་བཏང་མི་ བི་ཨི་བོ་ཟེར་མི་ ཕྱི་རྒྱལ་ལཱ་གཡོག་ལས་སྡེའི་ རྩོད་བཤེར་དེ་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ ཕར་འགྱངས་འབད་ཡོད་རུང་ ད་རེས་ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་གྱིས་ སྙན་གསན་འབད་ནི་ ལོག་འགོ་བཙུགས་ནུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ཁྲིམས་རྩོདཔ་ཚུ་གིས་ རྩོད་བཤེར་དེ་གི་ སྒྲུབ་བྱེད་ཚུ་ འཕྲལ་མགྱོགས་ར་ ཕུལ་ནིའི་དོན་ལས་ གྲ་སྒྲིག་འབད་དོ་ཡོདཔ་ཨིན་པས།
རྩོད་བཤེར་གྱི་ སྙན་གསན་མཇུག་འདི་ དུས་ཅི་ སྤྱི་ཟླ་༣ པའི་ནང་ འབད་ཡོདཔ་བཞིན་དུ་ ཉེས་འཛུགས་ཅན་ཚུ་གིས་ བརྒལ་ལན་ཕུལ་དགོཔ་ཨིན་རུང་ ཀོ་བིཌ་-༡༩ ལུ་བརྟེན་ ཕུལ་མ་ཚུགས་པར་ ཕར་འགྱངས་འབད་ཡོདཔ་ལས་ སྤྱི་ཟླ་༦ པའི་ནང་ རྩོད་བཤེར་ལོག་འགོ་བཙུགས་མི་དང་བསྟུན་ ཉེས་འཛུགས་ཅན་ཚུ་གིས་ བརྒལ་ལན་ཕུལ་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བི་ཨི་བོ་ལས་སྡེའི་ཇོ་བདག་ འགྱུར་མེད་ཚེ་དབང་དང་ བསྟན་འཛིན་རིག་ལྡན་ དེ་ལས་ ལས་སྡེའི་ལས་བྱེདཔ་༩ ལུ་ ཡིག་ཆ་རྫུས་བཟོ་དང་ གཡོ་སྒྱུ་ དེ་ལས་ སྡོང་ཟླ་འབད་བའི་ ཉེས་འཛུགས་ཁག་༣ བཀལ་ནུག།
སྤྱི་ལོ་༢༠༡༩ ཟླ་༡༠ པའི་ཚེས་༢༣ ལུ་ ཁྲིམས་སྲུང་འགག་སྡེ་གིས་ གནད་དོན་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་པའི་ཤུལ་ལས་ ཁྲིམས་ཀྱི་འདུན་སར་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
ལས་སྡེའི་ཇོ་བདག་ འགྱུར་མེད་ཚེ་དབང་ལུ་ ལས་རིམ་དེ་ནང་ བཅའ་མར་གཏོགས་མི་ སློབ་ཕྲུག་༦༧༩ གྱི་ དངུལ་ཁང་གི་རྩིས་ཁྲ་ཚུ་ ཆེད་དམིགས་བསྐྱེད་དེ་ རྫུས་མ་བཟོ་ཡོདཔ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༢༩༧ ༼ག༽ པ་ལྟར་ དབྱེ་རིམ་༤ པའི་ཉེས་ཁྲིམས་ དམའ་ཤོས་ལོ་༣ ལས་ མཐོ་ཤོས་ལོ་ངོ་༥ འོག་རྒྱུ་སྨིན་དགོ་པའི་ཟེར་ ཉེས་འཛུགས་འབད་ནུག།
ད་རུང་ ཉེས་འཛུགས་ཅན་གྱིས་ སྤྱི་ལོ་༢༠༡༧ ལུ་ ལས་རིམ་དེ་ནང་ བཅའ་མར་གཏོགས་མི་ སློབ་ཕྲུག་༧༣༠ གི་ ཁས་ལེན་དངུལ་ཕོགས་འབྱོར་རྟགས་ ལོ་༣ གྱི་རྫུས་མ་ ཁོ་རའི་ཡིག་ཚང་ནང་ བཟོ་ཡོདཔ་ལས་ ཉེས་ཕྲའི་ཉེས་ཁྲིམས་ལོ་༡ ལས་ ལོ་༣ འོག་རྒྱུ་སྨིན་དགོ་པའི་ ཉེས་འཛུགས་འབད་ནུག།
ཁོ་ལུ་ སློབ་ཕྲུག་༧༣༠ གི་དོན་ལུ་ སྐད་སྒྱུར་འབད་དགོཔ་མེད་རུང་ འབད་ཡི་ཟེར་ རྫུས་མ་བཟོ་སྟེ་ སློབ་ཕྲུག་ཚུ་ལས་ འཐུས་དངུལ་ཀྲམ་༧,༥༠༠ རེ་ ལེན་མི་དེ་ལུ་ གཡོ་སྒྱུ་དང་ མ་བྱིན་ལེན་པའི་ཉེས་ཁྲིམས་ ཉེས་པ་ཡང་ཕྲ་བཀལ་དགོ་པའི་ ཉེས་འཛུགས་འབད་ནུག།
དེ་ལས་ བསྟན་འཛིན་རིག་ལྡན་ལུ་ ཡིག་ཆ་རྫུས་བཟོའི་ ཉེས་འཛུགས་དང་ གཡོ་སྒྱུ་ མ་བྱིན་ལེན་པའི་ཉེས་འཛུགས་འབད་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་གྱིས་ སློབ་ཕྲུག་༦༩༧ ལུ་ འབྲུག་གི་དངུལ་ཁང་གི་ རྩིས་ཁྲ་རྫུས་མ་བཟོ་བའི་ དབྱེ་རིམ་༤ པའི་ ཉེས་ཁྲིམས་དང་ ཡིག་ཆ་རྫུས་བཟོའི་ཉེས་ཕྲ་ དེ་ལས་ ན་གཞོན་ཚུ་ལས་ སྐད་སྒྱུར་གྱི་འཐུས་ དངུལ་ཀྲམ་༧,༥༠༠ རེ་ ལེན་མི་དེ་ལུ་ རིན་ཐང་དང་བསྟུན་པའི་ ཉེས་ཁྲིམས་བཀལ་དགོ་པའི་ ཉེས་འཛུགས་འབད་ནུག།
ལས་གཡོག་ཡོངས་ཁྱབ་དྲུང་ཆེན།
ལས་གཡོག་ལྷན་ཁག་གི་ ཡོངས་ཁྱབ་མདོ་ཆེན་གྱི་ རྩོད་བཤེར་དེ་ ཕར་འགྱངས་འབད་བའི་ཤུལ་ལས་ ལོག་འགོ་བཙུགས་ནིའི་དོན་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དེ་ ཁྲིམས་འདུན་གྱི་ འབོ་བཀུག་བཀའ་རྒྱ་ལུ་ སྒུགཔ་ཨིན་པས།
རྩོད་བཤེར་ལོག་འགོ་བཙུགསཔ་ད་ ཡོངས་ཁྱབ་མདོ་ཆེན་གྱིས་ སྒྲུབ་བྱེད་ཚུ་ ཕུལ་ནི་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཡོངས་ཁྱབ་མདོ་ཆེན་ ཤེས་རབ་བསྟན་འཛིན་ལུ་ ལས་གཡོག་ལྷན་ཁག་གིས་ འགོ་འདྲེན་འཐབ་མི་ ཇ་པཱན་དང་ རྒྱ་གར་ལུ་ ཕྱི་རྒྱལ་ལཱ་གཡོག་ལས་རིམ་ཁག་གཉིས་ནང་ འབྲེལ་གཏོགས་འབད་བའི་ གནོད་འགེལ་ཁག་༤ གི་ ཉེས་འཛུགས་འབད་ནུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཤེས་རབ་བསྟན་འཛིན་དང་ ཨོ་རྒྱན་བཀྲིས་ལུ་ ཚོང་འབྲེལ་ནང་ ཁེ་ཕན་ལྟག་སྤྲོད་གསལ་སྟོན་འབད་ནི་ལས་ འཐུས་ཤོར་དང་ ལོག་སྤྱོད་ཀྱི་ བྱ་སྒོ་ཕྱིར་བཤོལ་ གཡོ་སྒྱུ་ལག་ལེན་ དེ་ལས་ ཡིག་ཚང་གི་ བྱ་སྤྱོད་ངན་འཐབ་པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
ཁེ་ཕན་ལྟག་སྤྲོད་གསལ་སྟོན་མ་འབད་བའི་ ཉེས་འཛུགས་དེ་ཡང་ ཡོངས་ཁྱབ་མདོ་ཆེན་གྱིས་ ཁོ་རའི་བུ་ སྐལ་བཟང་ཉི་ཟླ་དང་ མཉམ་འབྲེལ་ཐོག་ འཇམ་ཤོག་བཟོ་སྐྲུན་གྱི་ ཚོང་ལཱ་ནང་ རྒྱ་གར་གྱི་མི་ཁུངས་ མ་ནཱབ་དིང་ག་ར་དེ་ གསང་བའི་ཚོང་འབྲེལ་མཉམ་རོགས་ཅིག་ཨིན་རུང་ སྤྱི་ལོ་༢༠༡༦ ཟླ་༦ པའི་ཚེས་༢༠ ལུ་ གསལ་བསྒྲགས་འབད་མི་ རིན་བསྡུར་ནང་ བཅའ་མར་གཏོགས་ཡོདཔ་ཤེས་བཞིན་ ཁེ་ཕན་ལྟག་སྤྲོད་གསལ་སྟོན་ མ་འབད་བར་ སྤྱི་ཟླ་༩ པའི་ཚེས་༣༠ ལུ་ རིན་བསྡུར་ཚོགས་ཆུང་གི་ འཐུས་མི་སྦེ་ བཅའ་མར་གཏོགས་ནུག་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ནད་གཞི་ལུ་བརྟེན་ ཡོངས་གྲགས་ཅན་གྱི་ཨེ་མ་ ཨུར་ཀ་བང་ག་ལའི་ཐོན་སྐྱེད་ ལེགས་ཤོམ་མེདཔ།

༉ དུས་ཚོད་འ་ནེམ་ཅིག་ལུ་ བཀྲིས་གཡང་རྩེ་ཚོད་བསྲེ་ཁྲོམ་ཁར་ ཡོངས་གྲགས་ཅན་གྱི་ཨེ་མ་ ཨུར་ཀ་བང་ག་ལ་ཟེར་མི་ གཡང་རྩེཔ་གི་ཨེ་མ་འབོལ་དྲགས་སྦེ་ ཐོན་སྐྱེད་འབད་ནི་ཡོད་རུང་ དུས་ཅི་ ཞིང་པ་ཚུ་གིས་ དེ་ཅིག་ར་ བཙོང་སར་མི་མཐོང་པས། དེ་ཡང་ མི་ཚུ་གིས་འབད་བ་ཅིན་ དུས་ཅི་ ཆར་ཆུ་འབོལ་ནི་དེ་གིས་ …

Leave a Reply

Your email address will not be published. Required fields are marked *