ཇ་པཱན་ལུ་ རླུང་འཚུབས་ཀྱིས་ གནོད་སྐྱོན་དང་ ཤི་རྐྱེན་བྱུང་མི་ཚུ་ལུ་ སེམས་ཕམ་དང་སྨོན་འདེབས།

༉ འདས་པའི་ཉིནམ་དག་པ་ཅིག་གི་ཧེ་མར་ ཇ་པཱན་ལུ་ ཧ་གི་བིས་རླུང་འཚུབས་འཕུ་མི་དེ་ སྤྱི་ལོ་༡༩༥༨ ལུ་ ཨའེ་ཌ་རླུང་འཚུབས་དང་ཕྱདཔ་ད་ སྦོམ་ཤོས་ཅིག་དང་ གནོད་སྐྱོན་ཚབས་ཆེན་ཅིག་ཨིན་མས།
སྙན་ཞུ་དང་འཁྲིལཝ་ད་ མི་གྲངས་༤༠ ལུ་ཤི་རྐྱེན་དང་ གཞན་མི་༡༦ འཚོལ་མ་ཐོབ་པར་ཡོདཔ་ད་ སྲོག་སྐྱབས་དང་ འཚོལ་ཞིབ་ལག་ལེན་ནང་ ད་ལྟོ་ མི་གྲངས་༡༠༠,༠༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ནུག།
ད་ལྟོ་བཟུམ་ཅིག་འབད་བ་ཅིན་ རླུང་འཚུབས་དེ་ ཧ་ལམ་ཅིག་ ཞི་སོ་རུང་ ལུས་སེམས་༢ ཆ་ར་ལུ་ མནོ་བསམ་བཏང་མ་ཚུགས་པའི་ གནོད་སྐྱོན་སྦོམ་རྐྱབ་པའི་ཤུལ་ཚུ་ རྒྱབ་ཁར་ལུསཔ་ཨིན་མས།
གཟའ་ལྷག་པའི་ནུབ་མོ་ ཆུ་ཚོད་རེ་ལུ་ ཤུགས་ཚད་ཀི་ལོ་མི་ཊར་༢༢༥ འབད་མི་ རླུང་འཚུབས་དེ་གིས་ མངའ་སྡེ་༨ ནང་ གནོད་སྐྱོན་སྦོམ་རྐྱབ་ཡོདཔ་མ་ཚད་ སྡོད་ཁྱིམ་༡༠༠,༠༠༠ དེ་ཅིག་གི་ གློག་མེ་མེདཔ་བཏང་བའི་ཁར་ ཁྱིམ་གུང་༡༢༠,༠༠༠ དེ་ཅིག་ལུ་ འཐུང་ཆུའི་དཀའ་ངལ་བྱུང་ནུག།
ཁྲིམས་སྲུང་འགག་པ་དང་ དྲག་པོའི་དམག་མི་ དེ་ལས་ མེ་བསད་སྡེ་ཚན་ཚུ་གིས་ དམིགས་བསལ་དུ་ ན་ག་ནོ་མངའ་སྡེ་ནང་ ས་རུད་དང་ ཆུ་རུད་ཐོན་མི་ཚུ་ནང་ མི་བརྒྱ་ལས་བཅད་དེ་ ཐོགས་ལུས་མི་ཚུ་ སྲོག་སྐྱབས་འབད་དོ་ཡོདཔ་ཨིན་པས།
ཇ་པཱན་ལུ་ འདི་བཟུམ་མའི་ རང་བཞིན་གྱི་རྐྱེན་ངན་ཚུ་ ཚབས་ཆེན་བྱུང་སྟེ་འབད་རུང་ ཇ་པཱ་ནིས་ཚུ་གིས་ ཉེན་འཚུབས་ཀྱི་གདོང་ལེན་ཚུ་ འཐུས་ཤོར་མེད་པར་ འབད་ཐངས་ལུ་ལྟཝ་ད་ ང་བཅས་ར་ དཔའ་ཉམས་བསྐྱེད་དགོ་པའི་ཁར་ འཛམ་གླིང་རྒྱལ་ཁབ་ཚུ་ལུ་ མིག་དཔེ་བཟང་པོ་ཅིག་ གསལ་སྟོན་འབདཝ་ཨིན་མས།
རླུང་འཚུབས་ཀྱིས་ ཊོ་ཀི་ཡོ་ཁྲོམ་སྡེ་ལུ་ གནོད་སྐྱོན་སྦོམ་ཅིག་ རྐྱབ་མ་ཚུགས་མི་དེ་ཡང་ ཁྲོམ་སྡེ་ནང་ དམིགས་བསལ་གྱི་ ཆུ་རུད་བཀག་ཐབས་ལམ་ལུགས་ གཞི་བཙུགས་འབད་ནི་དེ་གིས་ཨིནམ་ད་ དེ་ཡང་ ག་འཆརཔ་ཟེར་བ་ཅིན་ ས་འོག་གི་ ཆུ་དུང་ལམ་ལུགས་ཚུ་ སྦོམ་སྦེ་ར་ བཙུགས་ཡོད་མི་ལུ་བརྟེན་ ཆུ་རུད་ལས་ གདོང་ལེན་འབད་ཚུགས་པའི་ ནུས་པ་ཡོདཔ་ཨིན་མས།
ཇ་པཱན་ལུ་ཡོད་མི་ ཆུ་རུད་བཀག་ཐབས་ལམ་ལུགས་དེ་ འཛམ་གླིང་ནང་ དྲག་ཤོས་ཅིག་ཨིན་པའི་ ངོས་འཛིན་བྱུང་སྟེ་འདུག།
འབྲུག་འདི་ གངས་རི་ཅན་གྱི་ རྒྱལ་ཁབ་ཨིན་པའི་ཁར་ ས་ཡོམ་གྱི་ ཉེན་ཁ་ཡོད་པའི་ས་ཁོངས་ནང་ ཚུད་ཡོད་པ་གིས་མ་ཚད་ ལོ་བསྟར་བཞིན་དུ་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་པའི་ གནོད་ཉེན་བྱུང་མི་ཚུ་ ང་བཅས་ར་ ཆ་མཉམ་གྱིས་ མངོན་གསལ་ཆེ་རུང་ ཉེན་འཚུབས་ཀྱི་ གྲ་སྒྲིག་དོན་ལུ་ འབྲེལ་ཡོད་དབང་འཛིན་ཚུ་གིས་ དམིགས་གཏད་བཟུང་སྟེ་ ཐབས་ལམ་ཚུ་ བཏོན་དོ་ག?
སྙན་ཞུ་དང་འཁྲིལཝ་ད་ ད་ལྟོ་ ཇ་པཱན་ལུ་སྡོད་མི་ འབྲུག་མི་ཚུ་ག་ར་ ཉེན་སྲུང་ཐོག་ལུ་ཡོདཔ་ལས་ རྒྱལ་ཁབ་ནང་སྡོད་མི་ ཕམ་དང་སྤུན་ཆ་ཚུ་ ཆ་གྱང་ལང་དགོཔ་མེདཔ་ད་ དེ་ཡང་ ནིའུ་ལྡི་ལི་ལུ་ཡོད་མི་ འབྲུག་པའི་གཞུང་ཚབ་ལས་ཁང་གིས་ ཊོ་ཀི་ཡོ་ལུ་ ཡོངས་ཁྱབ་དོན་གཅོདཔ་དང་གཅིག་ཁར་ དུས་དང་དུས་སུ་ ལྟ་རྟོག་དང་ གནས་སྟངས་ཚུ་གི་སྐོར་ལས་ འབྲེལ་བ་འཐབ་ནི་དེ་གིས་ཨིན་མས།
རང་བཞིན་གྱི་ རྐྱེན་ངན་ལུ་བརྟེན་པའི་ གནོད་སྐྱོན་ཚབས་ཆེན་བྱུང་བའི་ནམ་དུས་ལུ་ ང་བཅས་ཀྱིས་ ཇ་པཱན་དང་ རྒྱལ་སྤྱི་ནང་སྡོད་མི་ ཇ་པཱན་གྱི་ མི་ཁུངས་ཚུ་ལུ་ སེམས་ཕམ་དང་མྱ་ངན་ཡོད་པའི་ཁར་ ཚ་གྱང་དང་ སྡུག་བསྔལ་ལས་འགྲོལ་ཏེ་ སྔར་བཞིན་དུ་ དགའ་སྐྱིད་ངང་ལུ་ སྡོད་ཚུགས་པའི་ སྨོན་ལམ་བཏབ་ནི་ཨིན།

About admin

Check Also

གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༡༡ པའི་ཚེས་༧ ལུ་ ཐིམ་ཕུག་བདེ་ཆེན་ཕུག་གི་ ལོ་བསྟར་ཚེས་བཅུ་ འགོ་འདྲེན་འཐབ་པའི་སྐབས་ དད་ཅན་བརྒྱ་ལས་བཅད་དེ་ འཛོམས་མི་ཚུ་ལུ་ ཞྭ་ནག་རྔ་འཆམ་དང་ དགེ་བསྙེན་སྐུ་འཆམ་ ཤ་རྫམ་ རྔ་འཆམ་ཚུ་ མཇལ་ཁ་གནང་ཡོདཔ་བཞིན་དུ་ ལོ་བསྟར་ཚེས་བཅུ་དེ་ སྤྱི་ལོ་༢༠༠༣ …

Leave a Reply

Your email address will not be published. Required fields are marked *