ཇ་པཱན་ལུ་སོང་མི་ ན་གཞོན་ཚུ་ལུ་ འཇིགས་སྐུལ་འབད་ཡོདཔ།

༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱད་སྙན་ཞུ་དང་འཁྲིལཝ་ད་ ལས་གཡོག་ལྷན་ཁག་གི་ ལས་གཡོག་དང་མི་སྟོབས་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཤེས་རབ་བསྟན་འཛིན་གྱིས་ ཇ་པཱན་ལུ་སོང་མི་ ན་གཞོན་ཚུ་གིས་ ཉོགས་བཤད་བཀོད་པའི་སྐབས་ སེལ་ཐབས་ག་ནི་ཡང་མ་འབད་བར་ སྡོད་ནུག་ཟེར་བཀོད་ནུག།
དེ་མ་ཚད་ ཡོངས་ཁྱབ་མདོ་ཆེན་གྱིས་ ཉོགས་བཤད་བཀོད་མི་ ཨ་ལོ་ཚུ་ལུ་ འཇིགས་སྐུལ་འབད་ནུག་ཟེར་ཨིན་པས།
གནད་དོན་དེའི་སྐོར་ལས་ སྤྱི་ལོ་༢༠༡༧ ཟླ་༧ པའི་ཚེས་༡༡ ལུ་ ཨ་ལོ་སྡེ་ཚན་ཅིག་གིས་ ཡིག་ཐོག་ཉོགས་བཤད་བཀོད་དེ་ ཡོངས་འབྲེལ་ཐོག་ལས་ ལས་གཡོག་ལྷན་ཁག་གི་ དིལ་མ་ཡ་ཟེར་མི་ལུ་ སྙན་ཞུ་འབད་མི་དེ་ ཡོངས་ཁྱབ་མདོ་ཆེན་ལུ་ སྙན་ཞུ་ལྷོད་ཡོདཔ་ཨིན་པས།
ཞིབ་དཔྱད་འབད་བའི་སྐབས་ ཡོངས་ཁྱབ་མདོ་ཆེན་གྱིས་ ན་གཞོན་ཚུ་ལུ་ ཆ་རོགས་འབད་ནི་མེན་པར་ དམིགས་བསལ་དུ་ སྒེར་གྱི་ལས་སྡེ་ངོ་ཚབ་ བི་ ཨི་ ཨོའི་ཇོ་བདག་ འགྱུར་མེད་ཚེ་དབང་ལུ་ ཁེ་ཕན་འབྱུང་ཐབས་ལུ་ ཕྱི་རྒྱལ་ལུ་གཏང་མི་ལས་སྡེ་ བི་ ཨི་ ཨོའི་རྒྱབ་སྐྱོར་འབད་ནུག་ཟེར་བཀོད་ནུག།
ཉེས་འཛུགས་དེ་ཡང་ ཞིབ་དཔྱད་འབད་མི་ཚུ་གིས་ ཡོངས་ཁྱབ་མདོ་ཆེན་གྱིས་ འགྱུར་མེད་ཚེ་དབང་ལུ་ སྤྱི་ལོ་༢༠༡༧ ཟླ་༧ པའི་ཚེས་༡༢ ལས་༡༤ གི་བར་ན་ བརྒྱུད་འཕྲིན་ཐེངས་༦ བཏང་ཡོདཔ་སྦེ་ བདའ་ཟུན་པའི་ཁར་ ལོ་དེ་གི་ སྤྱི་ཟླ་༩ པའི་ནང་ཡང་ ཁོ་གིས་ འགྱུར་མེད་ཚེ་དབང་ལུ་ བརྒྱུད་འཕྲིན་ཐེངས་མང་རབས་ཅིག་ ཡིག་ཚང་གི་དུས་ཚོད་ཁར་ བཏང་ཡོདཔ་སྦེ་ མཐོང་ནུག།
ན་གཞོན་ཤོ་ཐེངས་༣ པ་ མ་གཏང་པའི་ཧེ་མར་ ལས་གཡོག་བློན་པོ་བགྲེསཔ་ ཉི་མ་སངས་རྒྱས་ཆེན་པོ་གིས་ དྲུང་ཆེན་ལུ་ ཇ་པཱན་ལུ་ ལྟ་རྟོག་སྡེ་ཚན་ཅིག་ ཞིབ་དཔྱད་འབད་བར་གཏང་དགོ་པའི་ བཀའ་དང་འཁྲིལ་ སྡེ་ཚན་གྱིས་ ཞིབ་དཔྱད་འབད་བའི་སྐབས་ ལས་རིམ་དེ་ལུ་ ལས་སྡེ་ངོ་ཚབ་ཀྱིས་ཁས་བླངས་འབད་མི་དང་ གནས་སྟངས་ངོ་མའི་ནང་ སྟབས་མ་བདེ་ལེ་ཤ་ཡོདཔ་མཐོང་ནུག།
སྡེ་ཚན་གྱིས་ སྙན་ཞུ་ཚུ་ ལྷན་ཁག་ལུ་ གསལ་སྟོན་འབད་བའི་སྐབས་ ཡོངས་ཁྱབ་མདོ་ཆེན་ཁོ་ར་ ཞིབ་དཔྱད་འབད་མི་ སྡེ་ཚན་ནང་ཡོད་དེ་འབད་རུང་ སྙན་ཞུ་གསལ་སྟོན་འབད་བའི་སྐབས་ ཁོ་ར་ དེ་གི་གྲས་ཁར་མེདཔ་བཟུམ་སྦེ་ ལས་སྡེ་གི་ཧོངས་ལས་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
ལོ་དེ་གི་ སྤྱི་ཟླ་༩ པའི་ཚེས་༢༠ ལུ་ གཟི་ལུང་ཁ་སློབ་གྲྭ་ནང་སྦེ་ ན་གཞོན་ཚུ་ལུ་ གོམས་འདྲིས་ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་སྐབས་ལུ་ བློན་པོ་བགྲེསཔ་གིས་ སྐྱིན་འགྲུལ་ཚུ་ ན་གཞོན་ཁོ་རའི་མིང་ཐོ་ཁར་ལེན་ཡོདཔ་ལས་ སྤྱོད་ནིའི་དབང་ཆ་ཡང་ ན་གཞོན་ཚུ་ལུ་ ཧྲིལ་བུམ་ཡོད་ཟེར་སླབ་པའི་སྐབས་ ཡོངས་ཁྱབ་མདོ་ཆེན་གྱིས་ ཁས་མ་ལེན་པའི་ཤུལ་ལས་ བློན་པོ་བགྲེསཔ་ཡང་ ཞལ་འཛོམས་ནང་ལས་ ཐོན་འགྱོ་ནུག་ཟེར་ སྙན་ཞུ་ནང་བཀོད་ནུག།
དེ་གི་ཤུལ་ལས་ སྤྱི་ཚེས་༢༧ ལུ་ ཞིབ་དཔྱད་སྡ་ཚན་གྱི་ སྙན་ཞུ་དང་འཁྲིལ་ ལས་རིམ་དེ་བཀག་ཆ་འབད་དགོ་པའི་ ཡིག་ཚང་བཀའ་རྒྱ་བཏོན་ཡོད་རུང་ དེ་ཚེ་ར་ འགྱུར་མེད་ཚེ་དབང་གིས་ ལྷན་ཁག་ལུ་ ཁོ་གིས་ སྒྲིག་གཞི་དང་ལམ་སྟོན་ཚུ་དང་འཁྲིལ་འབད་ནི་ཟེར་ ཡི་གུ་བཙུགས་པའི་ཤུལ་ལས་ ལས་རིམ་དེ་ བཀག་འཛིན་མ་འབད་བར་ སྐྱིན་འགྲུལ་མ་དངུལ་ཚུ་ཡང་ ན་གཞོན་ཚུ་གི་དབང་ཆ་སྦེ་ བཞག་ནིའི་ཁས་ལེན་འབད་ཡོད་རུང་ ཤུལ་ལས་ ངོ་མ་ནང་ འབད་དེ་མེདཔ་ཨིན་པས།
འགྱུར་མེད་ཚེ་དབང་གིས་ ཕྱི་རྒྱལ་ལུ་ ལཱ་གཡོག་སྒྲིག་གཞིའི་དོན་ཚན་༣.༤ ལས་འགལ་ཏེ་ ཇ་པཱན་ལུ་བཏང་མི་ན་གཞོན་༥༡༡ ལས་ དངུལ་ཀྲམ་ས་ཡ་༣.༨༣༢ སྐད་སྒྱུར་གྱི་འཐུས་སྦེ་ ལེན་ཡོདཔ་མཐོང་ནུག།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཡོངས་ཁྱབ་མདོ་ཆེན་དང་ ལས་རིམ་འགོ་དཔོན་ ཨོ་རྒྱན་བཀྲིས་༢ ཀྱིས་ འགན་ཁུར་ཚུ་ ཚུལ་ལྡན་སྦེ་ མ་འབག་མི་ལུ་བརྟེན་ འགྱུར་མེད་ཚེ་དབང་ལུ་ ཁེ་ཕན་བྱུང་ཡོདཔ་ལས་ བྱ་ངན་དེ་ འབྲུག་གི་ཞི་གཡོག་བཅའ་ཁྲིམས་༢༠༡༢ ཅན་མའི་ དོན་ཚན་༣.༢ དང་འགལ་ནུག་ཟེར་ བཀོད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༡༡ པའི་ཚེས་༧ ལུ་ ཐིམ་ཕུག་བདེ་ཆེན་ཕུག་གི་ ལོ་བསྟར་ཚེས་བཅུ་ འགོ་འདྲེན་འཐབ་པའི་སྐབས་ དད་ཅན་བརྒྱ་ལས་བཅད་དེ་ འཛོམས་མི་ཚུ་ལུ་ ཞྭ་ནག་རྔ་འཆམ་དང་ དགེ་བསྙེན་སྐུ་འཆམ་ ཤ་རྫམ་ རྔ་འཆམ་ཚུ་ མཇལ་ཁ་གནང་ཡོདཔ་བཞིན་དུ་ ལོ་བསྟར་ཚེས་བཅུ་དེ་ སྤྱི་ལོ་༢༠༠༣ …

Leave a Reply

Your email address will not be published. Required fields are marked *