ཁ་ཙ་ ཐིམ་ཕུག་ལུ་ འགྲུལ་སྐྱེལ་བཱསི་ཐོན་འཛུལ་ས་ཁོངས་ནང་ ལགཔ་ཆུ་འཁྱུ་སར་ གཞི་བཙུགས་འབད་མི་དེ་ འགོ་འབྱེད་འབད་བའི་ཤུལ་ལུ་ གསོ་བ་བློན་པོ་ བདེ་ཆེན་དབང་མོ་གིས་ ཨ་ལོ་ཅིག་ལུ་ ལགཔ་ཆུ་འཁྱུ་ཐངས་སྐོར་ སྟོན་གནང་པའི་བསྒང་།

ཇ་པཱན་གཞུང་ལས་ འབྲུག་ལུ་COVID-19 གི་ གདོང་ལེན་ལུ་ ཡུ་ཨེསི་ཌོ་ལར་༤༥༠,༠༠༠།

༉ འབྲུག་ལུ་ཡོད་མི་ འཛམ་གླིང་སྤྱི་ཚོགས་ཨ་ལོའི་ཤེས་ཡོན་མ་དངུལ་ ཡུ་ནི་སེཕ་གིས་ ཇ་པཱན་གཞུང་ལས་ ཡུ་ཨེསི་ཌོ་ལར་༤༥༠,༠༠༠ ཐོབ་ཡོད་མི་དེ་ཡང་ འབྲུག་གཞུང་གིས་ ནད་ཡམས་ཀོ་རོ་ན་བའེ་རཱསི་༼COVID-19༽ དར་ཁྱབ་འགྱོ་ནི་ལས་ བཀག་ཐབས་བརྩོན་ཤུགས་ལུ་ རྒྱབ་སྐྱོར་སྦེ་ཨིནམ་ད་ མ་དངུལ་དེ་ཡང་ ཡུ་ནི་སེཕ་བརྒྱུད་དེ་ བྱིན་ཡོདཔ་ཨིན་པས།
ཡུ་ནི་སེཕ་གིས་ འཛམ་གླིང་སྤྱི་ཚོགས་དང་ གཞུང་ རྒྱལ་སྤྱི་ལས་སྡེ་ ཞི་བའི་ལས་ཚོགས་ སྒེར་སྡེ་ཚུ་དང་ མཉམ་འབྲེལ་འབད་ཐོག་ལས་ ཨ་ལོ་དང་ ན་གཞོན་ ཕམ་ གཅེས་སྐྱོང་པ་ དེ་ལས་ ཞབས་ཏོག་མཁོ་སྤྲོད་འབད་མི་ཚུ་གི་ ནང་འཁོད་ལུ་ གཟུགས་ཁམས་འཕྲོད་བསྟེན་ གཙང་སྦྲ་དང་ལྡནམ་སྦེ་ བཞག་ནི་གི་ ལག་ལེན་ཡར་དྲག་གཏང་ནི་དང་ བརྡ་དོན་སྤྲོད་དེ་ སྔོན་འགོག་གི་ ཐབས་ལམ་ཚུ་གི་ ཤེས་ཡོན་དང་ རིག་རྩལ་ཚུ་ རྒྱ་སྐྱེད་བཏངམ་ཨིན་པས།
སློབ་གྲྭ་དང་ གསོ་བའི་སྨན་ཁང་ མི་མང་གི་ ས་གོ་ཚུ་ནང་ ཕྱགས་སྙིགས་འཛིན་སྐྱོང་གིས་གཙོས་པའི་ འཐུང་ཆུ་གཙང་ཏོག་ཏོ་དང་ ཉེན་སྲུང་ལྡནམ་སྦེ་ ཐོབ་སྤྱོད་ཡོདཔ་ བཟོ་ཐབས་ལུ་ ཇ་པཱན་གྱིས་བྱིན་མི་ མ་དངུལ་ཆ་ཤས་ཅིག་ འཐུང་ཆུ་དང་ གཙང་སྦྲ་ གཟུགས་ཁམས་འཕྲོད་བསྟེན་གྱི་ ལས་སྣ་ཚུ་གི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
ཐིམ་ཕུག་དང་ ཕུན་ཚོགས་གླིང་ དགེ་ལེགས་ཕུག་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་ཚུ་གིས་མ་དོ་བར་ སྤ་རོ་དང་ མོང་སྒར་རྫོང་ཁག་ཚུ་ནང་ མི་མང་ལགཔ་ཆུ་འཁྱུ་སའི་ མཐུན་རྐྱེན་༡༧ གཞི་བཙུགས་འབད་ནིའི་དོན་ལུ་ ཡུ་ནི་སེཕ་གིས་ གསོ་བ་ལྷན་ཁག་དང་ འབྲུག་ཨེསི་ཨེན་བི་ མ་འོངས་ཆུའི་ཐབས་ལམ་ལས་སྡེ་ཚུ་དང་ ལཱ་འབད་དོ་ཡོདཔ་ཨིན་པས།
ད་རུང་ ལགཔ་ཆུ་འཁྱུ་སའི་ མཐུན་རྐྱེན་རྐྱངམ་གཅིག་མེན་པར་ ཕྱགས་སྙིགས་ཕྱིར་སེལ་གྱི་ཧོད་དང་འགྱིབ་རྡོབ་ དེ་ལས་ གསོ་བའི་མཐུན་རྐྱེན་དང་ གླང་ལེབ་ཚུ་ དགོས་མཁོ་སྦོམ་ཡོད་མི་ སློབ་གྲྭ་དང་ དགེ་འདུན་སློབ་གྲྭ་ ཨ་ནེམོ་གྲྭ་ཚང་ཚུ་ལུ་ བགོ་བཀྲམ་འབད་ནི་ཨིན་པས།
ཁ་ཙ་ ཐིམ་ཕུག་ལུ་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་ འགྲུལ་སྐྱེལ་བཱསི་ཐོན་འཛུལ་ས་ཁོངས་ནང་ ལགཔ་ཆུ་འཁྱུ་སའི་ མཐུན་རྐྱེན་གཞི་བཙུགས་འབད་ཡོདཔ་ད་ མཐུན་རྐྱེན་དེ་ཚུ་ནང་ ཆུ་བཀྲམ་སྤེལ་འབད་མི་ཚུ་ ཉེན་སྲུང་དང་ལྡནམ་ཡོདཔ་ལས་ འཐུང་བཏུབ་ཨིན་པས།
ཡུ་ནི་སེཕ་གིས་ ལགཔ་འཁྱུ་ནི་དང་ ཆུ་འཐུང་ནིའི་ མཐུན་རྐྱེན་ཚུ་ དམིགས་བསལ་དུ་ ཨ་ལོ་དང་ དབང་པོ་ལུ་ ཐོ་ཕོག་མི་ཚུ་གི་ ཁེ་ཕན་ལུ་དམིགས་ཏེ་ རྒྱལ་ཁབ་ཀྱི་ ས་གནས་གཞན་ཚུ་ནང་ཡང་ གཞི་བཙུགས་འབད་ནི་ཨིན་པས།
སྤྱི་ཟླ་༣ པའི་ཚེས་༢༥ ལུ་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གིས་ ཡུ་ནི་སེཕ་བརྒྱུད་དེ་ འབྲུག་གཞུང་ལུ་ COVID-19 བཀག་ཐབས་ལུ་ ཡུ་ཨེསི་ཌོ་ལར་༡༠༠,༠༠༠ རྒྱབ་སྐྱོར་འབད་ཡོདཔ་ད་ མ་དངུལ་དེ་ཡང་ ནད་འབུབ་བརྟག་དཔྱད་འཕྲུལ་ཆས་༡ དང་ སྨན་བཅོས་མཁོ་ཆས་ མི་ངོ་ཚུ་གི་ ཉེན་སྲུང་མཁོ་ཆས་ལ་སོགས་པ་ མཁོ་སྒྲུབ་འབད་ནིའི་དོན་ལུ་ ལག་ལེན་འཐབ་ནི་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

སྤྱི་ཟླ་༦ པའི་ནང་ བདེན་མཆིས་རྫོང་ གསར་བཞེངས་ཀྱི་ལཱ་ ཡོངས་རྫོགས་མཇུག་བསྡུ་ནི།

༉ པདྨ་དགའ་ཚལ་ བདེན་མཆིས་རྫོང་ གསར་བཞེངས་འབད་ནི་ འགོ་བཙུགས་ཏེ་ ལོ་༥ དེ་ཅིག་གི་རྒྱབ་ལས་ ད་རིས་ཀྱི་ཟླཝ་ནང་ བསྒྲུབ་ནི་ཨིན་པས། དེ་ཡང་ དབུ་རྩེ་མ་གཏོགས་ བཟོ་བཀོད་གཞན་ཚུ་ལུ་ ཚོན་བཏང་ཚར་ཡོདཔ་མ་ཚད་ རྫོང་ནང་ན་ཡིག་ཚང་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ …

Leave a Reply

Your email address will not be published. Required fields are marked *