ཇ་པཱན་གཞུང་གིས་ ཇ་པཱན་ལུ་ཡོད་མི་ འབྲུག་མི་ཚུ་ལུ་ རྒྱབ་སྐྱོར་འབད་ནིའི་ཁས་ལེན།

༉ ཇ་པཱན་གཞུང་དང་ འབྲེལ་ཡོད་དབང་འཛིན་གྱིས་ འབྲུག་པའི་ན་གཞོན་ཚུ་གི་ དཀའ་ངལ་སེལ་ཐབས་ལུ་ སྐྱོད་ཐམ་གྱི་ དུས་ཡུན་ཕར་འགྱངས་འབད་ནི་སྦེ་ ཁས་ལེན་འབད་དེ་ ཡོདཔ་ཨིན་པས།
རྒྱབ་སྐྱོར་དེ་ཡང་ ན་གཞོན་ཚུ་གིས་ ཤེས་ཡོན་དང་ སྦྱོང་བརྡར་འཕྲོ་མཐུད་འབད་ནི་དང་ ཇ་པཱན་ལུ་ ལཱ་གཡོག་ཐོབ་མི་ཚུ་ལུ་ བྱིན་ནི་ཨིན་པས།
ཨིན་རུང་ འབྲུག་ལས་ ཆེ་རིམ་གནས་ཚད་ཀྱི་ འཐུས་མི་སྡེ་ཚན་ཅིག་ ཇ་པཱན་ལུ་སོང་མིའི་ སྙན་ཞུ་དེ་ བརྡ་བརྒྱུད་དང་ བརྗེ་སོར་འབད་མི་དང་འཁྲིལཝ་ད་ ཇ་པཱན་གཞུང་གིས་ ཕན་རླབས་ཆེ་བའི་ རྒྱབ་སྐྱོར་བྱིན་ཐབས་ལུ་ འབྲུག་གཞུང་ལས་ ཤེས་ཡོན་སྦྱང་ནི་དང་འབྲེལ་ ལཱ་འབད་ནིའི་ལས་རིམ་བརྒྱུད་དེ་ ཇ་པཱན་ལུ་སོང་མི་ན་གཞོན་ ག་དེམ་ཅིག་ཡོདཔ་ཨིན་ནའི་ གནས་སྡུད་ཁ་གསལ་ཚུ་ བྱིན་དགོཔ་ཨིན་པས།
ལས་གཡོག་བློན་པོ་ཨོ་རྒྱན་རྡོ་རྗེ་གིས་ འགོ་ཁྲིད་ཐོག་ལས་ འཐུས་མི་༧ འབད་མི་ ཆེ་རིམ་གནས་ཚད་ཀྱི་ འཐུས་མི་སྡེ་ཚན་དེ་ཡང་ ཇ་པཱན་ལུ་ འབྲུག་པའི་ན་གཞོན་ཚུ་ལུ་བྱུང་མི་ དཀའ་ངལ་དང་ གདོང་ལེན་ཚུ་ སེལ་ཐབས་ལུ་ སྤྱི་ཟླ་༤ པའི་ཚེས་༡༦ ལས་༢༧ ཚུན་ བརྟག་ཞིབ་འབད་བར་ སོང་ཡོདཔ་ཨིན་པས།
སྡེ་ཚན་དེ་ནང་ ལས་གཡོག་དྲུང་ཆེན་ བསོད་ནམས་དབང་ཕྱུག་དང་ ལྡོག་ཕྱོགས་ཚོགས་པའི་ བདེ་བ་ཐང་-སྒོམ་དར་གྱི་འཐུས་མི་ ཨོ་རྒྱན་རྡོ་རྗེ་ དེ་ལས་ ཧཱ་གསང་སྦས་ཁའི་འཐུས་མི་ རྡོ་རྗེ་དབང་མོ་ཚུ་ ཡོདཔ་ཨིན་པས།
འཐུས་མི་ཚུ་གིས་ ལས་རིམ་ཐོག་ལས་དང་ ཇ་པཱན་གྱི་ ཁ་སྐད་སློབ་སྦྱོང་སྤེལ་ཁང་༧ བརྒྱུད་དེ་ ཇ་པཱན་ལུ་སོང་མི་ འབྲུག་པའི་ན་གཞོན་༡༤༤ དང་ ཕྱད་ཡོདཔ་བཞིན་དུ་ འཐུས་མི་༣ གྱིས་ ན་གཞོན་༢༡༩ ལས་བརྒལ་ ཕྱད་མ་ཚུགསཔ་ཨིན་པས།
བརྟག་ཞིབ་ཀྱི་གྲུབ་འབྲས།
ཇ་པཱན་ལུ་ འབྲུག་པའི་ན་གཞོན་༧༢ ལཱ་གཡོག་ནང་དང་ ལཱ་གཡོག་འཚོལ་ཞིབ་འབད་མི་༧༩ དེ་ལས་ ན་གཞོན་༢༢༩ ད་ལྟོ་ ཤེས་ཡོན་སྦྱང་པའི་བསྒང་ ཡོད་པའི་ཁར་ ལག་ཤེས་མཐོ་རིམ་སློབ་གྲྭ་ཚུ་ནང་ ན་གཞོན་༡༢༧ འཛུལ་ཞུགས་འབད་ཡོད་པའི་ ཤེས་རྟོགས་བྱུང་ནུག།
དེ་ལས་ རྒྱལ་ཁབ་ནང་ ན་གཞོན་༢༢༦ ལོག་ཡོདཔ་མ་ཚད་ ད་རེས་ཀྱི་ཟླཝ་ནང་ སློབ་ཕྲུག་༡༨ དེ་ཅིག་ ལོག་འོང་ནི་བཟུམ་ཡོདཔ་ད་ འཐུས་མི་སྡེ་ཚན་དེ་གིས་ ན་གཞོན་༡༣ དང་ ཕྱད་མ་ཚུགསཔ་མ་ཚད་ སློབ་ཕྲུག་༢༡༩ དང་ ཕྱད་ཡོད་མི་ལས་༥༡ རྐྱངམ་གཅིག་གིས་ སྐྱིན་ཚབ་བཏབ་ནིའི་ དུས་ཡུན་ཕར་འགྱངས་འབད་བའི་ གོ་སྐབས་ལེན་ནུག་ཟེར་ཨིན་པས།
ན་གཞོན་ཚུ་གིས་ ཤེས་ཡོན་སྦྱངམ་དང་འབྲེལ་ ལཱ་འབད་བའི་སྐབས་ ཟད་འགྲོ་གིས་ བདའ་ཟུན་མ་ཚུགསཔ་ ངེས་བདེན་ཨིན་མི་དེ་ཡང་ སློབ་གྲྭའི་འཐུས་དང་ སྐྱིན་ཚབ་བཏབ་དགོ་ནི་དེ་གིས་ཨིན་པས།
སྐྱིན་ཚབ་བཏབ་ནི་དང་ ཁ་སྐད་ཤེས་ཡོན་སྦྱང་ནི་ ལག་ཤེས་མཐོ་རིམ་སློབ་གྲྭ་ཚུ་ནང་ འཛུལ་ཞུགས་ཐོག་ ཤེས་ཡོན་འཕྲོ་མཐུད་སྦྱང་ནི་དང་ སྐྱོད་ཐམ་གྱི་ དུས་ཡུན་ཕར་འགྱངས་འབད་ནི་ དེ་ལས་ ལཱ་གཡོག་འཚོལ་ནི་དང་ ལཱ་འབད་ནི་ སྐྱོད་ཐམ་མ་ཐོབ་མི་དེ་ སློབ་ཕྲུག་ཚུ་གིས་ གདོང་ལེན་གཙོ་ཅན་ཅིག་ཨིནམ་སྦེ་ སླབ་དེས་ཟེར་ སྙན་ཞུ་ནང་བཀོད་ནུག།
ཕྱི་རྒྱལ་ལཱ་གཡོག་ལས་སྡེ་ བི་ཨི་ཨོ་བརྒྱུད་དེ་ ཇ་པཱན་ལུ་སོང་མི་ ན་གཞོན་ལ་ལོ་གིས་ ལཱ་ལེགས་ཤོམ་འབད་མི་ལུ་བརྟེན་ དུས་ཚོད་ཧྲིལ་བུ་ ལཱ་གཡོག་ཐོབ་ཚུགས་ནུག་ཟེར་ སྙན་ཞུ་ནང་ བཀོད་ཡོདཔ་ད་ དཔེར་ན་ ཨོ་ས་ཀ་ཁ་སྐད་སློབ་གྲྭ་ནང་ འཛུལ་ཞུགས་འབད་མི་ ན་གཞོན་མང་ཤོས་ཀྱིས་ ཤེས་ཡོན་སྦྱང་པའི་ཤུལ་ལས་ ལཱ་གཡོག་ཐོབ་སྟེ་འདུག་ཟེར་ཨིན་པས།
སློབ་གྲྭ་དེ་ནང་ སློབ་ཕྲུག་༣༡ འཛུལ་ཞུགས་འབད་མི་ལས་༢༠ གིས་ དུས་ཚོད་ཧྲིལ་བུའི་ ལཱ་གཡོག་དང་ ན་གཞོན་༦ གིས་ ལག་ཤེས་མཐོ་རིམ་སློབ་གྲྭ་ནང་ འཛུལ་ཞུགས་འབད་ཡོདཔ་བཞིན་དུ་ སྤྱིར་བཏང་ལས་སྡེ་ལས་བཏང་མི་ སློབ་ཕྲུག་༧༡ གིས་ ལཱ་གཡོག་ཐོབ་ནུག་ཟེར་བཀོད་ནུག།
སྙན་ཞུ་དང་འཁྲིལཝ་ད་ སྐྱིན་འགྲུལ་ལག་ལེན་དང་ སློབ་གྲྭའི་འཐུས་བཏབ་ནི་ དེ་ལས་ ཁང་གླའི་ཐད་ལུ་ ལས་སྡེ་དང་ ན་གཞོན་ཚུ་གི་བར་ན་ རྟགས་མ་མཐུན་རུང་ ན་གཞོན་མང་ཤོས་ཅིག་གིས་ ཇ་པཱན་ལུ་ར་ སྡོད་ཐོག་ལས་ ཤེས་ཡོན་འཕྲོ་མཐུད་སྦྱང་ནི་དང་ དུས་ཚོད་ཧྲིལ་བུ་ཐོག་ ལཱ་གཡོག་འཚོལ་ནི་གི་ རེ་བ་བསྐྱེདཔ་ཨིན་པས།
ད་རུང་ འབྲུག་རྒྱལ་སྤྱི་ཇིན་ཟའི་ཟེར་ བི་ཨོ་ཇེ་ལས་སྡེ་བརྒྱུད་དེ་ ཇ་པཱན་ལུ་བཏང་མི་ ན་གཞོན་ཚུ་ལུ་ དཀའ་ངལ་སྦོམ་བྱུང་པའི་ སྙན་ཞུ་མེད་མི་དེ་ཡང་ སློབ་གྲྭ་ཅིག་ནང་ ན་གཞོན་ཚད་གཅིག་བརྒལ་མེདཔ་ལས་ འཛིན་སྐྱོང་དང་ ལྟ་རྟོག་འབད་ཚུགས་མི་ལུ་བརྟེན་ཨིན་པས།
ཇ་པཱན་གཞུང་གིས་ དམིགས་བསལ་རིག་རྩལ་ལས་མིའི་ སྐྱོད་ཐམ་ལམ་ལུགས་གསརཔ་དེ་ དུས་ཅི་ ཟླ་༤ པའི་ནང་ འགོ་བཙུགས་ཡོདཔ་ད་ ལས་རིམ་ནང་ལས་ མཐར་འཁྱོལ་མི་ ན་གཞོན་ཚུ་གིས་ ལམ་ལུགས་ནང་ བཅའ་མར་གཏོགས་ནི་གི་ གོ་སྐབས་འཐོབ་ནི་ཨིནམ་བཞིན་དུ་ ཇ་པཱན་གཞུང་གིས་ ལག་ཤེས་ལཱ་གཡོག་སྦྱོང་བརྡར་ ལས་རིམ་ཚུ་ལུ་ སེམས་ཤུགས་བསྐྱེད་བཅུགཔ་ཨིན་པས།
གནད་དོན་དེ་གི་སྐོར་ལས་ ཇ་པཱན་གཞུང་གིས་ རྒྱལ་ཁབ་སོ་སོ་ཚུ་ལས་ ན་གཞོན་སྟོང་ཕྲག་ལས་བཅད་དེ་ འབྲེལ་བ་འཐབ་དོ་ཡོདཔ་ལས་ འབྲུག་མི་ཚུ་ལུ་ གདམ་ཁ་ཅན་སྦེ་ བརྩི་མཐོང་བསྐྱེད་ནི་དེ་ ལཱ་ཁག་འོང་ནི་ཨིན་རུང་ ལྕོགས་གྲུབ་དང་ འབད་ཆོག་པའི་ བཅའ་ཁྲིམས་ནང་འཁོད་ལུ་ རྒྱལ་ཁབ་༢ ཀྱིས་ དམིགས་བསལ་གྱི་ གནད་དོན་རྐྱངམ་གཅིག་ སེལ་ནི་མེན་པར་ མ་འོངས་པ་ལུ་ འབྲུག་པའི་ན་གཞོན་ཚུ་གི་ ཕན་ཐབས་ལུ་ ལཱ་འབད་ནི་སྦེ་ ཁས་ལེན་འབད་ཡི་ཟེར་ སྙན་ཞུ་ནང་བཀོད་ནུག།
འཐུས་མི་སྡེ་ཚན་གྱིས་ ན་གཞོན་ཚུ་གི་དོན་ལུ་ ལག་ཤེས་ལཱ་གཡོག་སྦྱོང་བརྡར་ལས་རིམ་དང་ དམིགས་བསལ་རིག་རྩལ་ལས་བྱེདཔ་ སྐྱོད་ཐམ་ལམ་ལུགས་ཚུ་ནང་ གོ་སྐབས་ཚུ་ བལྟ་ཡོདཔ་ད་ ཇ་པཱན་གྱི་ དབང་འཛིན་གྱིས་ དཔེ་ཆ་ལྷབ་ནི་དང་འབྲེལ་ ལཱ་འབད་ནིའི་ལས་རིམ་ནང་སོང་མི་ ན་གཞོན་ཚུ་གིས་ ལཱ་གཡོག་ཐོབ་ མ་ཚུགས་པ་ཅིན་ ལོག་རྒྱལ་ཁབ་ནང་ ལྷོད་པའི་ཤུལ་ལས་ ལག་ཤེས་ལཱ་གཡོག་སྦྱོང་བརྡར་ལས་རིམ་དང་ དམིགས་བསལ་རིག་རྩལ་ལས་བྱེདཔ་ སྐྱོད་ཐམ་ལམ་ལུགས་ནང་ ཞུ་ཡིག་བཙུགས་དགོ་པའི་ གྲོས་འདེབས་འབད་ནུག།
ཇ་པཱན་ཁྲིམས་འདུན་ལྷན་ཁག་གིས་ འབྲུག་གཞུང་ལུ་ དམིགས་བསལ་རིག་རྩལ་ལས་བྱེདཔ་སྐྱོད་ཐམ་ ལམ་ལུགས་གསར་པའི་དོན་ལུ་ མཉམ་འབྲེལ་གོ་བརྡའི་ ཆིངས་ཡིག་གུ་ མཚན་རྟགས་བཀོད་དགོ་པའི་ གྲོས་འདེབས་ཡང་ འབད་ཡི་ཟེར་ སྙན་ཞུ་ནང་བཀོད་ནུག།
དེ་གི་སྐོར་ལས་ ལག་ཤེས་ལཱ་གཡོག་སྦྱོང་བརྡར་ལས་སྡེ་དང་ མ་འོངས་པ་ལུ་ ལྟ་རྟོག་ལས་སྡེ་གིས་ ལག་ཤེས་ལཱ་གཡོག་ སྦྱོང་བརྡར་ལས་རིམ་ ལག་ལེན་དང་ མཉམ་འབྲེལ་འོས་འབབ་ཚུ་གི་སྐོར་ལས་ གྲོས་བསྟུན་རྒྱས་པར་ འབད་ཡོདཔ་བཞིན་དུ་ ད་རེས་ཀྱི་ཟླཝ་ནང་ ལྟ་རྟོག་ལས་སྡེ་དང་ ལག་ལེན་ལས་སྡེ་ རྒྱལ་ཁབ་ནང་ འོང་ནི་སྦེ་ ཁས་ལེན་འབད་ནུག།
འཐུས་མི་ཚུ་གིས་ ཞུ་བ་འབད་ཡོདཔ་བཞིན་དུ་ དོན་གཅོད་སྐུ་ཚབ་ཡིག་ཚང་ཚུ་གིས་ ཁྱད་ཚད་ལྡན་མི་ འབྲུག་པའི་ན་གཞོན་ཚུ་ལུ་ ལཱ་གཡོག་འཚོལ་ནིའི་ རྒྱ་སྐྱོར་འབད་ནི་དང་ ཇ་པཱན་གཞུང་དང་ སྐྱོད་ཐམ་གྱི་ དུས་ཚོད་ཡར་སེང་འབད་ནི་ལུ་ ལཱ་འབད་ནི་གི་ ཁས་ལེན་འབད་ཡི་ཟེར་ སྙན་ཞུ་ནང་བཀོད་ནུག།
ཁོང་གིས་ ན་གཞོན་ཚུ་ རིག་རྩལ་མཁོ་འདོད་ཡོད་མི་ ལས་སྡེ་ཚུ་ནང་ བཙུགས་ནི་ཨིན་རུང་ ཁྱད་ཚད་མ་ལྡན་མི་ཚུ་ རྒྱལ་ཁབ་ནང་ ལོག་འོང་ཞིནམ་ལས་ དམིགས་བསལ་རིག་རྩལ་ལས་བྱེདཔ་ སྐྱོད་ཐམ་ལམ་ལུགས་ནང་ གོ་སྐབས་ལེན་དགོཔ་ཨིན་པས།
ཤོག་གྲངས་༩ འབད་མི་ སྙན་ཞུ་དེ་ བློན་ཆེན་དང་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ དེ་ལས་ ལྡོག་ཕྱོགས་འགོ་ཁྲིདཔ་ཚུ་ལུ་ གསལ་ཞུ་འབད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

བཀྲིས་སྒང་གི་ མི་སེར་ཚུ་གིས་ ནོར་གསོ་སྐྱོང་འཐབ་ནི་ལུ་ གདམ་ཁ་རྐྱབ་དོ་ཡོདཔ།

༉ བཀྲིས་སྒང་རྫོང་ཁག་ནང་ སྒོ་ནོར་སེམས་ཅན་གཞན་དང་ཕྱདཔ་ད་ མི་སེར་མང་ཤོས་ཀྱིས་ ནོར་གསོ་སྐྱོང་འཐབ་ནི་ལུ་ གདམ་ཁ་རྐྱབ་དོ་ཡོདཔ་ད་ ནོར་གསོ་ནི་དེ་ ཡོངས་གྲགས་ཐོན་ཏེ་འདུག། དེ་ཡང་ ནོར་གསོ་སྐྱོང་གི་ལཱ་འབདཝ་ད་ སྡིག་པའི་ལཱ་དེ་ཅིག་ར་ མེད་ནི་དེ་གིས་ཨིནམ་ད་ ནོར་གྱི་ཐོན་སྐྱེད་ཚུ་ འཇམ་ཏོང་ཏོ་སྦེ་ ཚོང་འབྲེལ་འཐབ་ཚུགས་ནི་དེ་གིས་ …

Leave a Reply

Your email address will not be published. Required fields are marked *