ད་ཚུན་ ཇ་པཱན་རྒྱལ་སྤྱི་མཉམ་འབྲེལ་ཁས་བླངས་པ་༥༨༠ འོང་ཡོདཔ་ཨིན་མས།

ཇ་པཱན་ཁས་བླངས་ལས་སྡེ་གིས་ སྤེལ་ཁང་དང་ སློབ་གྲྭ་ཚུ་ལུ་ ཁེ་ཕན་བྱུང་ཡོདཔ།

༉ མོང་སྒར་ སྐྱིད་བདེ་ཁར་སློབ་གྲྭ་ལྟེ་བ་དེ་ ལག་རྩེད་བཱསི་ཀེཊ་བཱོལ་རྩེད་འགྲན་འབད་མི་ དྲག་ཤོས་ཅིག་སྦེ་ ཐོན་ཡོདཔ་ཨིན་པས།
དུས་ཅི་ མོང་སྒར་ལུ་ སློབ་གྲྭ་ཁག་གི་བར་ན་ ལག་རྩེད་བཱསི་ཀེཊ་བཱོལ་རྩེད་འགྲན་འབདཝ་ད་ སློབ་གྲྭ་རྒན་ཤོས་སྡེ་ཚན་གྱིས་ སློབ་གྲྭ་གོང་མའི་སྡེ་ཚན་ཚུ་དང་ དོ་འགྲན་ཅན་ཅིག་སྦེ་ འབད་ཡོདཔ་ཨིན་པས།
སྐྱིད་བདེ་ཁར་སློབ་གྲྭ་ལྟེ་བའི་ གཟུགས་ཁམས་འཕྲོད་བསྟེན་ཤེས་ཡོན་སློབ་དཔོན་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ སློབ་གྲྭ་དེ་ སློབ་རིམ་༡༠ པ་ཚུན་ཨིན་རུང་ སློབ་རིམ་༡༡ པ་དང་༡༢ པའི་ སློབ་ཕྲུག་དང་གཅིག་ཁར་ རྒན་ཤོས་ཀྱི་ དབྱེ་སྡེ་ནང་ འགྲན་བསྡུར་འབད་ཡི་ཟེར་ཨིན་པས།
རྫོང་ཁག་གིས་ ལག་རྩེད་བཱསི་ཀེཊ་བཱོལ་ དབྱེ་ཁག་ཆུང་བའི་ རྩེད་འགྲན་འགོ་འདྲེན་འཐབ་མིའི་ནང་ལས་ རྒྱལ་ཁ་ཐོབ་ཅི་ཟེར་ཨིན་པས།
སློབ་ཕྲུག་ཨ་ལོ་ཚུ་གིས་ ལོ་༣ གྱི་རིང་ལུ་ རྫོང་ཁག་གི་ རྩེད་འགྲན་པ་དྲག་ཤོས་ཀྱི་ མིང་གཏམ་ཐོབ་ཅི་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ སློབ་ཕྲུག་རྩེད་འགྲན་སྡེ་ཚན་གྱིས་ དོ་འགྲན་ལེགས་ཤོམ་འབད་མི་དེ་ ཇ་པཱན་ཁས་བླངས་ལས་སྡེ་གིས་ ལོ་༢ ཀྱི་རིང་ལུ་ སློབ་ཕྲུག་ཚུ་ལུ་ རྩེད་རིགས་ཀྱི་ སློབ་སྟོན་བྱིན་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཁས་བླངས་སློབ་སྟོན་པ་དེ་ བཱསི་ཀེཊ་བཱོལ་རྩེད་ནི་ནང་ མཁས་མཆོག་ཨིན་པའི་ཁར་ སློབ་ཕྲུག་ཚུ་ལུ་ གཟུགས་ཁམས་འཕྲོད་བསྟེན་གྱི་ ཤེས་ཡོན་བསླབ་སྟོན་འབད་ཡོདཔ་ལས་ སློབ་ཕྲུག་ཚུ་ཡང་ རྩེད་ནི་ནང་ ཡར་རྒྱས་སོང་ཡི་ཟེར་ཨིནམ་ད་ ང་བཅས་ཀྱི་ སློབ་གྲྭ་ནང་ ཧེ་མ་ཡང་ རྐང་རྩེད་མཁས་མཆོག་ཀྱི་ ཁས་བླངས་སློབ་སྟོན་པ་ཅིག་ ལྷོད་ཅི་ཟེར་ཨིན་པས།
ཁས་བླངས་པ་དང་ གཟུགས་ཁམས་འཕྲོད་བསྟེན་ཤེས་ཡོན་ སློབ་སྟོན་པ་གིས་ འགོ་འདྲེན་ཐོག་ལས་ རྫོང་ཁག་ནང་ སྦྱོང་བརྡར་དང་ རྩེད་རིགས་ཀྱི་ དུས་སྟོན་ཚུ་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སློབ་གྲྭ་ནང་ གཟུགས་ཁམས་འཕྲོད་བསྟེན་ཤེས་ཡོན་གྱི་ སློབ་སྟོན་པ་མེད་མི་ལུ་བརྟེན་ གཟུགས་ཁམས་འཕྲོད་བསྟེན་ཤེས་ཡོན་གྱི་ ལས་རིམ་འགོ་འདྲེན་འཐབ་ཡོདཔ་ད་ རྩེད་རིགས་ཀྱི་དུས་སྟོན་ འགོ་དང་པ་ བརྩི་སྲུང་འབད་ཞིནམ་ལས་ སློབ་གྲྭ་ གཞན་ཚུ་ནང་ཡང་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
འབྲུག་རྒྱལ་ཁབ་ནང་ ད་ལྟོ་ཚུན་གྱི་རིང་ལུ་ ཇ་པཱན་ཁས་བླངས་ལས་སྡེ་ལས་ ཁས་བླངས་པ་༥༨༠ དེ་ཅིག་ ལྷོད་ཡོདཔ་ཨིན་པས།
སྤུ་ན་ཁ ཁུ་རུ་ཐང་ལག་ཤེས་འཕྲུལ་རིག་སྤེལ་ཁང་ནང་ཡང་ ཇ་པཱན་གྱི་ ཁས་བླངས་པ་ཚུ་གིས་ ཁས་བླངས་ཀྱི་ཐོག་ལས་ གྲོགས་རམ་འབད་བར་ ལྷོད་ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༡ པའི་ནང་ སྤེལ་ཁང་ནང་ གློག་མེ་བཟོ་རིག་གྱི་ མཁས་མཆོག་ཚུ་ལྷོད་ཡོདཔ་ལས་ སློབ་ཕྲུག་ཚུ་ལུ་ སློབ་སྟོན་འབད་ཡོདཔ་ཨིན་པས།
དབུ་འཛིན་ ཡོན་ཏན་དཔལ་བཟང་གིས་ སླབ་མིའི་ནང་ སྤེལ་ཁང་ནང་ ཤེས་ཚད་ཅན་གྱི་ སློབ་སྟོན་པ་མེདཔ་ལས་ ཁས་བླངས་པ་ཚུ་གིས་ སློབ་ཚན་ཚུ་ སློབ་སྟོན་འབད་མི་གིས་ ཕན་ཐོགས་བྱུང་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ སློབ་སྟོན་པ་ཚུ་ ལྕོགས་གྲུབ་ཅན་བཟོ་ནི་དོན་ལུ་ ཁས་བླངས་པ་ཚུ་གིས་ སྦྱོང་བརྡར་ འགོ་འདྲེན་འཐབ་ནི་ཡོད་ཟེར་ཨིན་པས།
གློག་མེ་ལས་ཁུངས་ཀྱི་ འགོ་དཔོན་ བཀྲིས་ཆོས་རྗེ་གིས་ སླབ་མིའི་ནང་ ཇ་པཱན་ཁས་བླངས་ལས་སྡེ་ལུ་ ཁོང་གི་ཁ་ཐུག་ལས་ ཁས་བླངས་པ་ཚུ་ དུས་ཡུན་རིང་སུ་སྦེ་ བཞག་གནང་ཟེར་ མཁོ་འདོད་ཀྱི་ ཡི་གུ་བཏང་ཡི་ཟེར་ཨིན་པས།
སྤེལ་ཁང་ནང་ ལོ་༥ འི་ལས་འགུལ་ཐཅག་ལས་ ཇའི་ཀ་གིས་ བཟོ་རིག་ལག་ཆས་མ་འདྲཝ་ལེ་ཤ་ ལྷོད་ཅི་ཟེར་ཨིན་པའི་གནས་ཚུལ།

པདྨ་རིན་འཛིན་དང་/ ཕུར་པ་ལྷ་མོ།

 

About admin

Check Also

ནད་གཞི་ཀེན་སར་འཛིན་སྐྱོང་གི་ ཐབས་ལམ་གཅིག་མཚུངས་ བཟོ་དགོ་པའི་ཞུ་བསྐུལ།

༉ འབྲུག་རྒྱལ་ཁབ་ནང་ ནད་གཞི་ཀེན་སར་ཚུ་གི་གྲས་ལས་ ཕོཝ་གི་ཀེན་སར་དེ་ ཁྱབ་ཆེ་དྲགས་ཡོད་པའི་ ངོས་འཛིན་བྱུང་ཡི་ཟེར་ ཀེན་སར་ཚོགས་སྡེ་གིས་ བཀོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་༡༢ པའི་ཚེས་༡༤ ལུ་ ཤར་ལྷོ་ཨེ་ཤི་ཡ་ སཱག་ལུང་ཕྱོགས་ཀྱི་ རྒྱལ་སྤྱི་ཀེན་སེར་ཞལ་འཛོམས་ …

Leave a Reply

Your email address will not be published. Required fields are marked *